དཔྱིད་ཀྱི་དཔལ་མོ་ཕྱིར་དྲན་གཞས་ཆུང་ཁྲོད་ན།

གཡང་མཚོ།        2018-05-23

རེ་བའི་སྨོན་པ་ལག་པའི་སྙིམ་པར་བཞག་ནས་བྲང་ཁར་སྦྱར།།

མཇལ་བའི་སྐལ་བར་བསྔོ་སྨོན་ཡིད་ཀྱིས་དྲངས་ནས་མགྲིན་པར་བསྐུར།།

དྲན་པའི་ན་ཟུག་མིག་ཆུའི་ཕྲེང་ལ་བསྒྲིགས་ནས་ཕྱིར་མིག་འཐེན༎

རྨི་ལམ་སྐྱ་བོའི་དཀྱིལ་ན་མདངས་ལྡན་དཔྱིད་ཀྱི་དཔལ་མོ་སྣང་།།

ཕ་ཁྱིམ་དྲོན་མོ་འདའ་ནས་དམིགས་མེད་སྣང་འཁྱམས་ལོབས་པའི་ང་།།

སྙིང་རྗེ་འབུམ་གྱིས་བརྒྱན་པའི་དཔྱིད་ཀྱི་དཔལ་མོས་རུམ་ལ་པང་།།

སྐྱ་རེངས་སྐྱི་བསེར་རླུང་གིས་ལུས་ཀྱི་དུག་རོ་བསལ་བ་ན།།

ཡིད་ཀྱི་དྭངས་བ་འདྲེན་ནས་སྐྱེད་མོས་ཚལ་དུ་ཁྲིད་ནས་སོང་།།

ལྷག་བསམ་སྤྲིན་པ་དཀར་པོ་ནམ་མཁའི་དབྱིངས་སུ་བཏང་པ་ན།།

ཤེས་བྱའི་ཆར་ཆུ་མོད་པོས་སྒོ་གསུམ་ཁྲུས་ཀྱིས་གསོལ་གསོལ་བྱས།།

བྱམས་བརྩེ་འཛུམ་ཀོང་འོད་ཀྱིས་འཁྱག་འཁུམ་ཁྲག་རྩའི་ཁུག་སོ་བཀྲོལ།།

ལྗང་མདོག་གདན་གྱི་ཁུག་ལ་གསར་སྐྱེས་བྱིས་པ་བཞིན་དུ་བསྙལ།།

བདེན་པའི་ཐུགས་དེ་དྲོན་པོས་གསུང་གི་བཅུད་དང་བདུད་བརྩིས་འདྲེན།།

རིག་པའི་ལང་ཚོ་འདབ་གྲོལ་རྩོམ་གྱི་གེ་སར་སོར་རྩེར་འཁྱུད།།

ཤེས་བྱའི་དྲི་བཞོན་བརྔུབས་ནས་ལྗང་མདོག་ལོ་མའི་ཁ་དོག་བརྒྱན།།

རྐང་དྲུག་སྦྲང་མར་གཤོག་འགྱུར་སྟངས་སྟབས་བསྒྱུར་སའི་གར་སྟེགས་བསྐྲུན།།

བསྟོད་ཚིག་དབྱངས་རྟར་དྲིལ་ནས་སྒོམ་གསུམ་དད་མོས་མགྲོན་དུ་ཕེབས།།

མངར་གསུམ་སྦྲང་མའི་སྡེར་ཁ་བསྒྲིགས་ཤིང་གེ་སར་ཟེའུ་འབྲུ་བཤམས།།

ཁུ་བྱུག་འཇོལ་མོ་སོགས་ཀྱིས་སྒྲོ་ཡིས་བྲོ་རྩེད་ངག་ནས་གཞས།།

ལྷ་ལམ་གོང་མའི་སྟེང་གི་བདེ་ཆེན་ཞིང་དུ་བགྲོད་པ་བཞིན།།

ལས་ལམ་དཀར་བས་སྐྱེད་མོས་ཚལ་ན་མ་བུ་ཇི་བཞིན་བཞད།།

བཞད་པའི་ཞལ་རས་བྱིན་གྱིས་རླབས་ནས་ནུས་མཐུའི་མྱུ་གུ་སྐྱེ།།

སྐྱེ་དགུའི་སྨོན་ཞིང་དཔྱིད་ཀྱི་དཔལ་མོས་འོད་ཀྱིས་རབ་ཏུ་སྦར།།

འབར་བའི་སེམས་ཤུགས་དགོང་ལ་མཆོད་པའི་ལོ་རྒྱུས་ལྷང་ངེར་གསལ།།

གསལ་ནས་དྲན་པ་དྲིན་གྱི་གཞས་ཤིག་ཁྱེད་ལ་འབུལ་ཆེད་ལེན།།


  • ལེ་ཚན་སྔོན་མ།:དཔྱིད་ཀྱི་མགྱོགས་བྲིས།
  • ལེ་ཚན་རྗེས་མ།:ད་ལོའི་དྲན་པ།