མིག་ཟུང་།

ཞིང་ཕྲུག་སྨྱོན་པ།        2018-04-16

བློ་ལ་ཉི་ཟླ་བཞིན་འཆར་བྱུང་།

སེམས་ལ་སྒྲོན་མེ་བཞིན་གསལ་བྱུང་།

ཁྲ་རིལ་རིལ་གྱི་མིག་ཟུང་འདི།

གློ་རྒྱུ་མའི་བར་ནས་སྙིང་ལ་སིམ་སོང་།

གཅེས་ཕྲུག་ལོ་ལོ།

མིག་ཟུང་ཕ་ང་ལ་ཕྱོགས་ཚུལ་འདི།

བུ་མོས་བདག་ལ་གནང་བའི་ལེགས་སྐྱེས་འདི་ཡིན་ན།

བདག་གི་སེམས་པ་ན་བརྐོས་པའི་མིག་ཟུང་།

བདག་གིས་མི་ཚེ་ནས་མི་ཚེར་བཏབ་པའི་སྙིང་གཏམ།

སེམས་དང་སེམས་པ་འགྲན་པའི་སྐྱོ་གདུང་ཡོད་ཚད།

མིག་ཟུང་འདིར་བཅོལ་ཡོད།

བདག་གི་མིག་འབྲས་བཞིན་གཅེས་པའི་བུ་མོ།

ཉིན་མོ་སེམས་ལ་ཟུག་པའི་མིག་ཟུང་།

མཚན་མོ་རྨི་ལམ་དུ་འཁོར་བའི་མིག་ཟུང་།

གྲུང་གྲུང་རིལ་རིལ་གྱི་མིག་ཟུང་།

ཉིན་མཚན་དུ་འཁོར་བའི་དྲན་གདུང་།

རྨི་ལམ་དུ་སིམ་པའི་སྙན་ངག

ཞོགས་པ་ལངས་དུས།

དགོང་མོ་ཉལ་དུས།

མིག་ཟུང་དྭངས་མ་འདི།

བདག་གི་སེམས་པའི་ཞེན་ཆགས་འདི་ཡིན་ལ།

འཚོ་བའི་རེ་བ་འདི་ཡང་ཡིན།


  • ལེ་ཚན་སྔོན་མ།:ངའི་སྙིང་ཉེ། ད་གཉིད་དུ་མ་ཡུར།
  • ལེ་ཚན་རྗེས་མ།:གྲོགས་པོ།