གྲོགས་པོ།

སྤྲིན་དཀར།        2018-04-18

མི་བརྟན་འགྱུར་བ་དཔྱིད་ཀྱི་གནམ་གཤིས་བཞིན། །

བཞིན་རས་ལང་ཚོ་དབང་དང་འབྱོར་པ་ཀུན། །

ཀུན་གྱིས་མི་དོ་མི་འགྱུར་བློས་ཐུབ་གྲོགས། །

གྲོགས་པོ་ཞེས་པའི་སྐྱེས་བུ་འགངས་ཆེན་མི། །

 

ས་ཡི་དྲེགས་པ་མགོ་ཡི་སྐྲ་ཉག་ལྟར། །

གྲངས་ཀྱིས་གཞལ་བར་མི་ནུས་མིའི་དབུས་ན། །

ཁྱེད་ལ་འདྲིས་པའི་ངོ་ཤེས་ཇི་ཙམ་ཡོད། །

དེའི་དབུས་བློ་གཏད་ཐུབ་པའི་གྲོགས་རེ་ཙམ། །

 

འཕྲད་ཚེ་དགའ་བའི་འཛུམ་གྱིས་བསུས་ཀྱང་རུང་། །

འདྲིས་ཚེ་སྙིང་གཏམ་རེ་ཙམ་གླེང་མོད་ཀྱང་། །

དཀའ་བའི་ཁུར་པོ་མཉམ་དུ་ཁུར་མཁན་དེ། །

སྙིང་གི་མཆེད་ཡ་གྲོགས་ལས་གཞན་སུ་ཞིག །

 

དྭངས་ཤེལ་མེ་ལོང་བཞིན་དུ་ངོ་ལྐོག་བྲལ། །

དུང་བའི་སྤུན་བཞིན་ཕན་ཚུན་མཛའ་བས་འབྲེལ། །

སྐྱོ་བའི་ཚེ་ན་ལུས་དང་གྲིབ་མ་བཞིན། །

འདི་འདྲའི་གྲོགས་པོ་རིན་ཆེན་གསེར་ལས་ལྷག །

 

སྐྱིད་སྡུག་གང་གི་སྐབས་སུའང་གལ་ཆེ་བ། །

གྲོགས་པོའི་འབྲེལ་བར་སྣང་མེད་མི་གཏོང་བར། །

ཤིན་ཏུ་གཙིགས་ཆེར་འཛིན་ཞིང་དམ་ཚིག་རྣམས། །

སྲོག་ལྟར་བསྲུང་བ་རྒྱལ་བ་དགྱེས་པའི་ཆོས། །

 

དགའ་བའི་ཇ་ཆང་འཐུང་དུས་གྲོགས་ཡིན་ཞེས། །

སྡུག་པའི་མཆི་མ་གཏོང་དུས་རྒྱུས་མེད་ཅེས། །

སྨྲ་བའི་ཨ་གསར་ཅན་གྱི་མི་དག་ལ། །

བརྟག་ནས་དོར་བ་ཡང་དག་བློ་གྲོས་ཉིད། །

 

གྲོགས་པོ་རྙིང་པ་བོར་ནས་གསར་པ་བསུས། །

ཁ་ཡག་ངོ་དང་རྒྱུ་དབང་གཉིས་ལ་བལྟས། །

སེམས་དང་བསམ་པ་མཐུན་ཞེས་སྨྲ་ན་ཡང་། །

རྙིང་པ་བོར་ལྟར་གསར་པའང་དེ་ལས་ཅི། །

 

དགའ་དུས་སྙིང་དམར་ཕན་ཚུན་བརྗེ་བསམ་བསམ། །

བཤད་པའི་གཏམ་གླེང་དག་ནི་བདེན་ཤག་ཤག །

སྡུག་དུས་རྒྱབ་བཤད་བྱེ་རི་བཞིན་ཉིལ་ཉིལ། །

འདི་འདྲ་གྲོགས་པོར་གྱུར་ན་གང་ཅིར་གཟོན། །

 

སྐྱོན་ཡང་ཡོན་ཏན་ཡིན་པར་སྒྲོ་བཏགས་པའི། །

མཛེས་མཚོན་ཟོལ་གྱི་གཏམ་དག་མི་སྨྲ་བར། །

ཉེས་པ་ཤིག་སེན་ར་སྤྲོད་ཤ་ཚའི་གཏམ། །

འཛེམས་ཟོན་མེད་པར་གྲོགས་པོ་བཟང་པོས་སྨྲ། །

 

ཕྱུག་དུས་མཁས་དུས་གྲགས་པའི་ཚེ་ན་ཡང་། །

གྲོགས་པོའི་མདུན་ལ་ཁེངས་དྲེགས་མི་བྱ་བར། །

གྲོགས་པོར་རང་ནུས་ཡོད་རྒུས་ཕན་པའི་ལས། །

གནང་ན་ས་སྟེང་མི་ཡི་རྒྱན་ཆ་ཉིད། །

 

སྐྱིད་དུས་གྲོགས་ཀྱི་བཀའ་དྲིན་མ་བརྗེད་ཅིང་། །

སྡུག་དུས་གྲོགས་ཀྱི་བསླབ་བྱ་དང་དུ་ལོངས། །

ངོས་ལྐོག་གཏམ་གྱིས་གྲོགས་པོའི་བློ་མ་ཕམ། །

ཅི་འདྲར་གྱུར་ཀྱང་ངོ་གནོང་མེད་པའི་ལས། །

 

མདོར་ན་ལུས་པོ་ཉེ་རྒྱང་གང་གནས་ཀྱང་། །

སེམས་གཏམ་བསླབ་བྱའི་སྲད་བུས་སྦྲེལ་བ་ཡི། །

བློས་ཐུབ་གྲོགས་པོ་དག་དང་མི་འབྲལ་ན། །

མི་ཚེའི་ལམ་བུར་བདེ་བའི་དྲོད་ཀྱིས་ཁེངས། །


  • ལེ་ཚན་སྔོན་མ།:མིག་ཟུང་།
  • ལེ་ཚན་རྗེས་མ།:ཞོགས་པའི་སྙན་ངག