ཚེ་སྲོག་ལ་བརྒྱུས་པའི་མཐོ་བོད།

དབལ་ཤུལ་རང་བྱུང་།        2017-10-30

ཆུ་འཛིན་བར་གསེང་ལ་མགོ་བོ་བསྙེས་པའི་གངས་རི།

ཟླ་བའི་མ་མ་ལ་འཁྱུད་པར་བྲེལ་བའི་གཙང་བོ།

ཆུ་སྐྱེས་སྣ་ཚོགས་ཀྱི་རྒྱན་ཆ་འདོགས་པའི་རྩྭ་ཐང་།

བསིལ་བའི་མཛེས་ལྗོངས་ཀྱི་མཚན་སྙན་ཐོབ་པའི་མཐོ་བོད།

 

དམ་པའི་གསུང་རབ་ཀྱི་འོད་སྣང་འགྱེད་པའི་དག་ཞིང་།

ལས་འབྲས་སླུ་མེད་ཀྱི་ཆོས་ཁྲིམས་དར་བའི་གནས་མཆོག

ཡ་རབས་གོམས་གཤིས་ཀྱི་སྲོལ་བཟང་སྐྱོང་བའི་ཡུལ་གྲུ།

ཡུན་རིང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མཐུག་པའི་མཐོ་བོད།

 

འཛིན་མའི་སྤྱི་གཙུག་ལ་བྱིལ་བྱིལ་བྱེད་པའི་བྱམས་སེམས།

སྐྱེ་འགྲོའི་ལས་དབང་ལ་ཐུགས་ཁུར་གནང་བའི་སྙིང་རྗེ།

ཁོར་ཡུག་གཅེས་སྤྲས་ཀྱི་ལས་དོན་བྱེད་པའི་རིག་གནས།

སུ་དང་གང་གིས་ཀྱང་འགྲན་ཟླ་མེད་པའི་མཐོ་བོད།

 

ས་སྒང་མཐོ་ས་ནས་ཕ་གཞིས་བསྐྲུན་པའི་སྙིང་སྟོབས།

ཆོས་དང་རིག་གནས་ཀྱི་ཕ་ནོར་བསྐྲུན་པའི་བློ་རིག

འཛམ་གླིང་མི་རིགས་དང་མཛའ་འབྲེལ་བསྐྲུན་པའི་ཐབས་བཀོད།།

འགྲོ་མིའི་འཇིག་རྟེན་ལ་ཞི་བདེ་བསྐྲུན་པའི་མཐོ་བོད།

 

ང་ཡི་ཚེ་སྲོག་ལ་བཀྲག་མདངས་སྣོན་པའི་བཙན་པོ།

ང་ཡི་མདུན་ལམ་ལ་སེམས་ཤུགས་སྩོལ་བའི་མཛངས་མི།

ང་ཡི་མི་ཚེ་ལ་རེ་བ་བྱིན་པའི་ཡབ་མེས།

ང་ཡི་སྙིང་ཁོང་ནས་བརྗེད་ཐབས་བྲལ་བའི་མཐོ་བོད།


  • ལེ་ཚན་སྔོན་མ།:ཤོག་བྱ་སྤུར་བ།
  • ལེ་ཚན་རྗེས་མ།:སྟོན་རླུང་ཟད་པོ།