ནོར་ཉམས་ཆོད་པའི་ནོམ་པ།

གཅན་ཚང་རིན་ཆེན་རྒྱལ།        2016-04-14

སྤྱིར་ང་ནི་སྙན་ངག་ལ་མ་དགའ་ན་འགྲིག་མོད།ཡིན་ནའང་ང་ནི་སྙན་ངག་ལ་ཤིན་ཏུ་དགའ་སྟེ།ལོ་རབས་བརྒྱད་ཅུ་བའི་ནང་དུ་རྩོམ་རིག་ལ་ཚེ་སྲོག་བསྟིམས་ཤིང་འཚོ་བར་བློ་ཡལ་བའི་མི་བུ་སྒམ་ཞིང་བརླིང་བ།གཤིས་སྤྱོད་རང་ཚུགས་བརྟན་ཅིང་ཡོན་ཏན་གྱི་རྔམས་མཐུག་པའི་ནུས་མཐུ་ཅན་དང་ཆིག་ཐུབ་ཅན་མང་པོ་ཞིག་དབྱར་མཚོ་བྲུག་པ་ལྟར་བྱོན་དང་འབྱོན་མུས་སུ་མཆིས་པའི་དཀྱོགས་མཚམས་ཤིག་ལ་ཕྲད།ཁྱད་པར་དུ་ཚིག་འགྲོས་སྙན་ཞིང་བརྗོད་དོན་རྫོགས་པ།དོན་བཅུད་མངར་ཞིང་རྩོམ་ཉམས་དོད་པ།བསམ་བློ་ཡངས་ཤིང་གསར་ཉམས་ཆེ་བ།གཏན་ཚིགས་ལྡན་ཞིང་སྡོམ་ཚིག་བཙན་པོའི༼ལང་ཚོའི་རྦབ་ཆུ༽ཡི་སྣེ་འདྲེན་འོག་དགོན་སྡེ་དང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་རུང་དུ་སྒེར་དང་དཔུང་ཁག་རྩ་འཛུགས་ཀྱི་རྣམ་པར་ཆགས་ཏེ་སྙན་ངག་པའི་དཔུང་སྡེ་ཆེན་པོ་རེ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་རི་ལུང་བ་གཉིས་ཀར་ཁེབས་ནས་ཡོང་བ་ནི་མི་རིགས་རྩོམ་རིག་ལ་འཕེལ་རྒྱས་བྱུང་བའི་མངོན་རྟགས་ཤིག་ཅི་ལ་མིན་ཏེ་ཧ་ཅང་དགའ་བའི་གནས་སུ་གྱུར་ཏོ།།སྟབས་ལེགས་པ་དེ་ཡིས་ནི་མི་རིགས་ལ་ཤ་འདང་ཆེ་ཞིང་ཁྲག་ཞེན་ཟབ་པའི་རྒན་དར་ཕོ་མོ་ཡོངས་ཀྱི་བློ་ལྕགས་རྣོན་པོ་དབྱིབས་སུ་བཀུག་ཅིང་བསམ་པའི་མེ་ཏོག་གི་ཆུན་པོར་བལྟས་ཀྱང་མི་ངོམས་པའི་མཛེས་པས་བརྒྱན། 
འཕེལ་རྒྱས་ཀྱི་མེ་ལྕེ་དྲག་ཏུ་མཆེད་ཀྱིན་པའི་དུས་རབས་དྲོན་མོ་འདིའི་ཚ་བའི་ཡོ་ལང་ནང་དུ་སྐུ་ཞབས་རང་གྲོལ་ལགས་རྐང་ལམ་ནས་གཞུང་ལམ་ལ་ཞུགས་པའི་བསམ་བློའི་ཐོལ་བརྒལ་གྱི་མངར་དྲི་གང་སར་འཐུལ་བ་དང་།གནའ་བོའི་སྙན་རྩོམ་ནས་དེང་རབས་སྙན་རྩོམ་གྱི་སྒོ་ཆེན་ཕྱེ་བའི་རིག་པའི་བཙན་རྒོད་ཀྱི་བང་ཁ་རྩལ་གྱིས་ཆོད་དེ་རྩོམ་རིག་གི་དཔའ་དར་མཐོན་པོར་བསྒྲེངས།
མཛོད་བཀང་བའི་སྙན་ངག་སྒྱུ་རྩལ་གྱི་རྒྱགས་ཕྱེ་གྱ་ནོམ་པ་འདི་ཡིས་བློ་དང་ལྡན་པ་མཐའ་དག་གི་འདོད་པའི་གཡབ་མོ་མ་བོས་མགྲོན་དུ་བསུས་ཤིང་རྩོམ་ཡིག་གསར་རྩོམ་གྱི་གོམ་འགྲོས་མགྱོགས་པའི་གདེང་ཚོད་ཆེ་བ་ནི་རང་ཉིད་ཐེ་བས་ཀྱང་གསལ་ལེར་རྟོགས་འོང་།  རྩོམ་པའི་སྨྱུག་ཁ་མཁྲེགས་འཛིན་གྱིས་མ་བཅངས་ལ་བསམ་པའི་འདོད་འདུན་གྱི་ཉ་མོ་རྒྱ་རུ་མ་ཚུད་པའི་དེང་རབས་སྙན་ངག་ཅེས་པའི་རང་དབང་རང་མོས་ཀྱི་ལྷུམས་སུ་ཞུགས་ནས་མི་རུ་ཆགས་པ་མིན།  སྐྱེས་པ་དུད་འགྲོ་ལས་ཀྱང་ཐུབ།སྐྱེས་པ་ན་ཟུག་གིས་མི་ཚད་དགུང་ཉི་མ་སེར་པོའང་དུས་ལྟར་མ་འཆར་བ།སྙེ་མ་ལྗིག་ཏིག་ཏིག་ཁུར་བའི་ས་ཞིང་གཤིན་པོ་དག་ཀྱང་ཐན་པས་ཚིག་སྟེ་གཏེ་བོ་དུས་ངན་དུ་སྐྱེས་ཚུལ་ལ།རྒན་པོ་གང་གིས་ལྔ་བཅངས་ཁུ་ཚུར་གྱིས་དཔྲལ་ཐོད་ཡང་ཡང་བརྡུངས་མྱོང་བའི་དཔེ་ཡང་མི་སྲིད་པ་མེད་པའི་དྲིན་མོ་ཆེའི་མངལ་སྒོ་བརྒྱུད་སྟངས་ཐ་མ་འདི་ཁ་ཚིག་བཙན་པོ་དང་ངོ་སོ་ཡོད་མདོག་གིས་སུ་ལའང་གླེང་འདོད་ཡེ་ནས་མེད།དེ་ལྟ་ནའང་བརྩེ་བའི་འོ་མཚོ་དྭངས་པའི་ཕ་མ་ཟུང་གི་མཉེས་གཤིན་དང་རྟོགས་པའི་ཐུགས་ཡོན་ཟབ་པའི་དགེ་རྒན་དམ་པའི་གསོ་སྐྱོང་བཟང་བོས་སློབ་ཆུང་དང་དམའ་འབྲིང་།མཐོ་འབྲིང་དང་སློབ་ཆེན་བདེ་བླག་གིས་མཐར་ཕྱིན་པ་ནི་སྡེ་བའི་ནོམ་པ་མིན་རུང་བསོད་དམན་ཁྲོད་ཀྱི་བསོད་བདེ་གང་ལ་མིན།འབྱམས་ཤིང་ཟབ་པའི་རིག་པའི་མཚོ་མོ་རུ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱི་འཁྱུག་སྟོབས་ཡང་བོར་སྤྲུགས་ནས་སྔོན་འགྲོའི་གླེང་གཞི་ཙམ་གྱི་སྙན་ངག་འབྲི་བ་བོ་ཞིག་ཏུ་གྱུར་བ་ནི་ངས་ད་གཟོད་རང་ཉིད་མི་རུ་རྙེད་པའི་འགོ་ཚུགས་པ་ཡིན་ཞིང་།ཡོན་ཏན་གྱིས་ས་སྟེང་ཁྱབ་པའི་རྩོམ་པ་པོ་རྣམས་ཀྱི་མཛུབ་ཁྲིད་དང་གྲོགས་སུ་ཐུག་པ་ནི་མི་ཚེའི་ཁ་ཕྱོགས་རྙེད་པར་ང་རྒྱལ་གྱིས་བསམ་ཡོད། 
ནམ་རྒྱུན་སྙན་ངག་འབྲི་བའི་གོ་རིམ་ཁྲོད་དུ་ངས་འདི་ལྟར་འདང་རྒྱག་གིན་ཡོད་དེ།ཐོག་མར་སྙན་ངག་ཅེས་བརྗོད་དགོས་ཚེ་སྲོལ་རྒྱུན་དང་དེང་རབས་ཀྱིས་ཆོད་པ་གང་ཡིན་རུང་རྗོད་བྱེད་དང་བརྗོད་བྱ་སྟུག་ཅིང་སྡོམ་ཚིག་བཙན་པོའི་རྩིས་རིག་གི་རྣམ་པ་ཞིག་ཡིད་ལ་ཝ་ལེར་འཆར་འོངས། རྗོད་བྱེད་ཀྱི་སྒྲ་དབྱངས་ནི་ཉམས་དོད་ཅིང་ལྷུ་འགྲིག་པ་ཞིག་ལ་འགྲུབ་དགོས་པས་མི་ཚད་གྱེར་སྟོབས་ཀྱི་ཚིག་ཤེད་འཛོམས་ལ་བཀླགས་ཚེ་རང་ཤུགས་སུ་ཁར་བཞུར་ཡོང་འདྲའི་སྙན་འཇེབས་ལྡན་པ་ཞིག་འཁྱོངས་ན་ཤིན་ཏུ་འཐད་པར་འདོད།སྙན་ངག་ནི་རྡོ་ཆག་བཙན་སྒྲིག་ལྟ་བུའི་ཙིག་ཚོགས་ཀྱི་མང་ཉུང་ཙམ་ལ་རག་ལས་མེད་ཅིང་རྐང་བའི་དོ་མཉམ་མིན་ཙམ་ལའང་གཏན་ནས་ཐུག་མེད།ཚིག་བརྒྱ་མདོར་དྲིལ་ཚེ་རྐང་བའི་ཆ་ཡ་ཨུ་ཚུགས་ཀྱིས་སྡེབ་ན་ཚིགས་བཅད་ལ་མི་འཇོག་ཅིང་རྐང་བ་བཙན་གྱིས་བཅད་པ་གྲོལ་བར་ཡང་འགྲོ་ཡི་མེད།དོན་ལ་ནི་གཏན་ཚིགས་མངའ་ཞིང་སྒྱུ་རྩལ་གྱིས་བྲན་པ།བསམ་བློའི་འདོད་འདུན་གྱི་རིན་ཐང་ཡང་རྩེར་སོན་པ་དང་མཛེས་ཚོར་གྱིས་ཕྱུག་པ།རྟོག་བཏགས་དང་འཆར་ཡན་གྱི་ཤན་ཞུགས་ཤིང་སྒྱུ་འཕྲུལ་གྱི་ཀློང་དུ་འཁྱམས་པ།ལྟ་བ་ཐོལ་བརྒལ་གྱི་ངར་ཆེ་བ་ཞིག་ཡིན་ཚེ་གསོན་ཉམས་ལྡན་པའི་སྙན་ངག་ལེགས་པོ་ཞིག་ཡིན་པར་ཧ་ཅང་འདོད།མཐར་རང་ཉིད་སྙན་ངག་ལ་དགའ་བ་ནི་མི་ཚེའི་རིན་ཐང་རྟོགས་པ་དང་འཚོ་བ་གོ་རིམ་ཅན་དུ་བསྒྱུར་བ་ཡིན་ལ།སྙན་ངག་འབྲི་བ་ནི་མི་ཚེར་ཁ་དོག་བྱུག་པའམ་འཚོ་བར་འོད་སྣང་སྤྲོས་པ་ཤ་སྟག་ཏུ་འདོད།མདོར་ན་རྩོམ་རིག་གི་གྲུབ་འབྲས་ཀྱིས་བསྐྱེད་པའི་བསམ་བློའི་ཀློང་བརྡོལ་བ་ལས་འཚོ་བའི་མཛེས་འདོད་ཀྱི་དཔངས་ཕྱུར་བུར་གཏམས་ཤིང་མི་རིགས་འདུ་ཤེས་ཀྱི་འཕར་ཤུགས་དྲག་ཏུ་བསྐྱེད་ཡོད་སྟབས་ངས་ཀྱང་ཇི་སྲིད་བར་དུ་སྲོག་འཚོ་ན།དེ་སྲིད་བར་དུ་སློབ་སྦྱོང་བྱེད།།ཅེས་པ་ལྟར་སྙན་ངག་ལ་ཚེ་སྲོག་བསྟུན་སྲིད་ཅིང་སྙན་ངག་ནི་མི་ཚེའི་འགྲོས་རིམ་ལ་སིམ་པའི་སྙན་འཇེབས་ཀྱི་རོལ་དབྱངས་ཤིག་ཏུ་སིལ་སིལ་དཀྲོལ་ངེས། 
མཇུག་མཐར་བསམ་བློའི་ཚ་རླབས་དྲག་ཏུ་འཕྱོ་ཞིང་རྩོམ་རིག་གསར་རྩོམ་གྱི་དབལ་ཚ་བའི་ན་ཆུང་རྣམས་ལ་ཀླག་ཅོར་རྒྱག་རྒྱུ་དགའ་བ་དང་ངག་སྒྲོས་ཐན་ཐུན་གྱི་སྨྲ་ལྕེ་འཁྲུག་པའི་ཁ་ཚིག་ཙམ་ལ་ཉན་ཏེ།སྒེར་ནས་བརྩོན་པའི་གྱི་ལིང་ལྕགས་སྒྲོག་གིས་བཀྱིགས་ཏེ་སུ་ཞིག་སྙན་ངག་གི་ཕྲ་ཕུང་ཆེ་མིན་དང་སྙན་ངག་ལ་ལས་འབྲེལ་ཡོད་ཚུལ་བཤད་ན་གནམ་གྱིས་ས་བཀབ་པ་ལྟ་བུའི་སྐྱེས་ཆེན་དག་གི་སྡུག་རུས་ཀྱི་འབྲས་བུ་རང་སྡུག་རང་ཉོས་སུ་སོང་བ་འབའ་ཞིག་ལགས་ལ།འོ་སྐོལ་ནས་ཀྱང་དབུལ་བོར་འོ་དོད་འབོད་མི་དགོས་ཤིང་ཕམ་པར་འཁང་རའང་ཡོད་དགོས་དོན་གཏན་ནས་མེད།ང་ཚོས་རང་ཉིད་ཀྱི་ཕྲ་ཕུང་ལ་དཔྱད་དེ་འབྲས་བུ་གང་སྨིན་ལ་བསྒུག་པས་ཆོག་འདོད།ཅོལ་ཆུང་རང་ཉིད་ལ་མཚོན་ནའང་མི་ལོ་ཉུང་ཤས་དག་ཏུ་ཅི་འབྱུང་གི་ལས་བསྐྱེད་དེ་གང་དང་གང་ལ་འབྲེལ་བ་ཅིའང་གཟུག་རྒྱུ་བྱུང་མེད་ཀྱང་སྙན་ངག་གི་ཀློང་ན་ཐོལ་གྱིས་འཕྱུར་གྱིན་པའི་ཚོར་བའི་ན་ཟུག་གི་བརྡབ་གསིག   འཕག་འཚག་གི་ང་རོ་ནི་སྙན་ངག་པའི་ཆེས་མཛེས་སྡུག་ལྡན་པའི་འཚོ་བའི་གོམ་སྒྲ་གཡེར་པོ་དང་མི་ཚེའི་རྐང་ལ་སིམ་པའི་མངར་བཅུད་འབའ་ཞིག་ཏུ་སེམས།འོད་ལམ་ལམ་གྱི་སྙན་ངག་གི་ཕ་ལམ་འདི་སྐྱེས་ཤུགས་མངའ་བའི་མི་བུ་ཞིག་གི་མཛེས་སྟོབས་ཀྱི་རྒྱན་ཆ་ཁོ་ན་ཡིན་པས་ང་ཚོ་ནམ་ཡང་བློ་ཐག་རྦད་ཆོད་ཀྱིས་སྙན་ངག་ལ་དགའ་འོས་ཤིང་སྙན་ངག་གི་ཁྲོད་ནས་འཚར་ལོངས་འབྱུང་དགོས་སོ། །
  • ལེ་ཚན་སྔོན་མ།:རྩོམ་ཡིག་འབྲི་ཀློག་དེ་དགའ་ཕྱོགས་དངོས་སུ་གྱུར་ན་ད་གཟོད་རྩོམ་པ་པོའི་རྒྱལ་ཐབས་དབང་།
  • ལེ་ཚན་རྗེས་མ།:མི་རྒས་སླ་བའི་དོན་རྐྱེན་འདི་རེད།
  • དོ་སྣང་ཆེ་བའི་རྩོམ།