མི་རྒས་སླ་བའི་དོན་རྐྱེན་འདི་རེད།

རྨེ་གྲྭ་ཚེ་རིང་བསམ་འགྲུབ།        2016-04-18

མ་གཞི་ས་སྒང་སྟེང་གི་སྲོག་ཆགས་ལས་ཆེས་རྣམ་རིག་གསལ་བ་ནི་མི་ཡིན་པར་རློམ་པ་ཡིན་ཡང་སྲིད། ཡིན་ནའང་མི་གང་མང་ཞིག་གིས་བདེ་སྐྱིད་རྒྱང་རིང་གི་དམིགས་ཡུལ་དུ་བཟུང་ནས། འགྲུབ་ཚར་རྒྱུ་མེད་པའི་འདོད་ཧམ་དེའི་དཀའ་སྡུག་གི་ཀློང་ནས་མི་ཚེ་རྫོགས་འགྲོ་བ་ནི་སྲོག་ཆགས་གཞན་ལས་ཀྱང་ཆེས་གླེན་རྟགས་ཤིག་རེད།   མི་ཞིག་ཡིན་ན་བྱ་བ་ཆེ་ཆུང་གང་ཡིན་རུང་མུ་མཐུད་དུ་བསྒྲུབས་ནས་འགྲོ་དགོས་པ་ནི་ལམ་བུ་རེད། རང་གི་བྱ་བ་རེད། འོན་ཀྱང་འདོད་ཧམ་ཆེན་པོ་དེས་རང་ཉིད་སྡུག་ལ་སྦྱར་བ་ནི་མི་ཚེའི་བདེ་སྐྱིད་གཞོམ་པའི་འཆར་གཞི་རེད། མི་སུ་ཡིན་ཡང་ལོ་ན་གཞོན་སྐབས་འཕྲོད་བསྟེན་འདི་དག་ལ་དོ་སྣང་མ་བྱས་ན་རྒས་ཟིན་རྗེས་འགྱོད་པས་བཅོས་ཐབས་མེད་པ་ཡིན།
  དེས་ན་འཛམ་གླིང་གི་ལོ་ན་ཆེས་མཐོ་ཤོས་དག་གིས་འཕྲོད་བསྟེན་གྱི་བརྒྱུད་རིམ་ལ་ཞིབ་འཇུག་བྱས་པ་དང་། ནད་དཔྱད་ཆེད་ལས་པ་དང་ཚན་རིག་པ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཚོགས་པ་དག་གི་དཔྱད་འབྲས་ལྟར་ན། མི་རྣམས་ཀྱི་འཚོ་བ་དང་ཆ་རྐྱེན་ལ་ལྡབ་འགྱུར་གྱིས་འཕེལ་རྒྱས་བྱུང་བར་བརྟེན། མིའི་ཚེ་ཐག་ནི་ཇེ་རིང་ནས་ཇེ་རིང་དུ་འགྲོ་བཞིན་པར་ངོས་བཟུང་། ཡིན་ན་ཡང་དུས་རབས་གསར་བའི་ནང་མི་རྣམས་ཀྱིས་དཔལ་འབྱོར་ལ་རྔམ་དྲགས་ནས་རྫས་ངན་གྱི་ལྷད་བསྲེས་བའི་ཟས་རིགས་དར་སྤེལ་དང་། ལས་ཀ་གཙོ་བོ་ལས་བདེ་ཐང་ལ་ཉམས་མ་བཞག་པ་ལས་ཚེ་ཇེ་ཐུང་དང་རྒས་སླ་བའི་དོན་རྐྱེན་རང་གིས་བཟོས་ནས་མིའི་ཚེ་ཚད་ལ་མ་བསླེབ་གོང་ནས་འཆི་ལམ་ལ་འགྲོ་བཞིན་ཡོད། དེས་ན་རང་ཉིད་ཀྱིས་རྒྱུན་པར་ཉམས་འཇོག་དགོས་པའི་རྒས་སླ་བའི་དོན་རྐྱེན་ཆེན་པོ་དྲུག་ངོས་འཛིན་ཐུབ་པ་སྟེ།
  ༡  ཆང་དང་ཐ་མག་གཉིས་བསྟེན་དྲགས་ན་མྱུར་དུ་རྒས་འགྲོ་བར་གསར་རྟོགས་བྱུང་ཡོད། ཐ་མག་གི་གློ་ནད་བརྒྱུད་དེ་དོན་ལྔ་སྣོད་དྲུག་གི་ནུས་པ་རང་འགགས་སུ་བཏང་ནས་རྒས་སླ་བར་བཟོ་བཞིན་ཡོད་པ་དང་། ཆང་གིས་དེ་བཞིན་མཆིན་ནད་བརྒྱུད་དེ་ཚེ་ཇེ་ཐུང་དང་རྒས་སླ་བར་གཏོང་གིན་ཡོད།
  ༢ རྒྱུན་པར་ཁོང་ཁྲོ་ལངས་ནས་འདུག་མཁན་དང་། གཞན་ལ་ཕྲག་དོག་དང་གནོད་སེམས་ཀྱི་ཟུག་གཟེར་རྒྱུན་འཁྱོངས་བྱེད་མཁན་དག་གིས་རང་ཉིད་ནད་མེད་ནད་ཅན་དུ་གཏོང་བ་དང་། གཞན་ལ་གནོད་མི་ཐུབ་ཅིང་རང་གི་སེམས་མི་སྐྱིད་ལ།  དྲན་རྒྱུ་ལས་རྒྱུ་མང་བས་ལུས་སེམས་ལ་གནོན་ཤུགས་སྤྲད་རྐྱེན་མྱུར་དུ་རྒས་སླ་བར་ཤེས་རྟོགས་བྱུང་།
  ༣  འཚོ་བ་ལ་གཏན་ཁེལ་མེད་པ་དང་མཚན་མོ་ཡུན་རིང་ལ་མི་གཉིད་མཁན་དག་ཀྱང་རྒས་སླ་བ་ཡིན། འཚོ་བ་གཏན་ཁེལ་མེད་པ་ནི་དུས་ལྟར་དུ་ཟས་མི་བསྟེན་པ། ནངས་ཟས་མི་ཟ་བ་དགོང་ཟས་མང་དྲགས་པ། གུང་ཟས་དུས་ཡོལ་ནས་ཟ་བ། སྔ་ལངས་སྔ་ཉལ་ལ་གཏན་ཁེལ་མེད་པ། ཟས་བཟང་ངན་དང་དྲོ་གྲང་མེད་པར་གང་བྱུང་དུ་ཟ་བ། ལས་ཀ་ལ་ཚོད་འཛིན་མེད་པ། གཙང་སྦྲ་དུས་ལྟར་མི་བྱེད་པ་སོགས་ཀྱང་རྒས་སླ་བར་ཤེས་རྟོགས་བྱུང་།
  ༤ སྨན་ཡུན་རིང་བསྟེན་མཁན་དང་རང་གིས་རང་ལ་ཡིད་མི་ཆེས་པ་དང་། རེ་ཐག་ཆད་ནས་འདུག་མཁན་དག་ཀྱང་རྒས་སླ་བ་ཡིན།  དམིགས་བསལ་ནད་ལ་ཕན་པའི་ཉེར་མཁོའི་སྨན་མ་ཡིན་པར་སྨན་མང་པོ་རྒྱུན་པར་འཐུང་བ། བྱ་བ་གང་བསྒྲུབས་ཀྱང་རང་ལ་ཡིད་ཆེས་མེད་པར་རེ་ཐག་ཆད་ནས་འདུག་ཅིང་། ཀླད་པའི་འཁོར་སྐྱོད་མི་བྱེད་པར་སྒྱིད་ལུག་ནས་འདུག་པ་དག་ཀྱང་རྒས་སླ་བར་དངོས་རྟོགས་བྱུང་།
  ༥ ཁེར་རྐྱང་གི་འཚོ་བ་རོལ་མཁན་དང་བྱ་འགུལ་སྣ་ཚོགས་ལ་མི་ཞུགས་མཁན་དག་ཀྱང་རྒས་སླ་བ་ཡིན།རྒྱུན་པར་གྲོགས་པོ་དང་ཡང་ན་ཟླ་རོགས་དང་ལས་གྲོགས་དག་གཅིག་ཀྱང་མི་འཚོལ་མཁན། མི་གཞན་ལ་འབྲེལ་འདྲིས་བྱེད་པར་མི་སྤྲོ་བར་ཁེར་རྐྱང་དུ་འཚོ་བ། མི་མང་འདུས་ས་དང་དགའ་སྤྲོའི་འདུ་ར་སོགས་ལ་བག་ཡངས་སུ་མི་འགྲོ་མཁན་ཏེ། རྒྱུན་དུ་རྩེད་དགོད་མི་བྱེད་པའི་མི་དག་ཀྱང་རྒས་སླ་བར་ཤེས་རྟོགས་བྱུང་།
  ༦  རྒྱུན་པར་རང་གི་འཚོ་བས་ཡིད་མ་ཚིམས་པར་འགྲུབ་རྒྱུ་མེད་པའི་ཧམ་སེམས་ཆེན་པོ་ཞིག་གིས་རང་གི་སེམས་ཀྱི་བདེ་སྐྱིད་དེ་འཕྲོག་ནས། རྒྱུན་དུ་སེམས་ཁམས་ལ་གནོན་ཤུགས་བྱིན་ནས་འདུག་མཁན་དག་ཀྱང་རྒས་སླ་བ་ཡིན།   མི་ཞིག་ལ་མཚོན་ན་མིག་སྔར་གྱི་འཚོ་བ་ནི་ཆེས་བདེ་སྐྱིད་ལྡན་པར་ངོས་འཛིན་ཐུབ་དགོས། གལ་ཏེ་མིག་སྔར་གྱི་འཚོ་བས་ཡིད་མ་ཚིམས་ན་མི་ཚེ་གང་བོར་འདོད་པ་ཡོངས་རྫོགས་འགྲུབ་ཉིན་དང་། ཧམ་སེམས་ཀྱི་སྟོང་ཆ་སྐོང་ཐུབ་པའི་ཉིན་མོ་ཞིག་འོང་རྒྱུ་མེད་པར། མི་ཚེ་སྡུག་ཟད་དུ་སོང་ནས་མཐར་ད་དུང་ཧམ་སེམས་སྟོང་བ་དེའི་མཇུག་རྫོགས་མ་ཐུབ་པར་འཆི་ལམ་དུ་འགྲོ་དགོས་བྱུང་བ་རེད།  དེས་ན་རང་གི་མིག་སྔར་གྱི་འཚོ་བས་ཡིད་མི་ཚིམ་པའམ།མིག་སྔར་གྱི་འཚོ་བས་བདེ་སྐྱིད་སྟེར་མི་ཐུབ་པ། མིག་སྔར་གྱི་འཚོ་བའི་གྲུབ་ཆ་ལ་བདེ་སྐྱིད་ཡོད་པར་ངོས་མ་ཟིན་པར། དགོས་རྒྱུ་སྒྲུབ་རྒྱུ་མང་པོ་ཧམ་སེམས་སྟོང་བ་ཞིག་རྒྱུན་པར་སེམས་ཐོག་ལ་བཀོད་ནས་འདུག་མཁན་དག་ནི་རྒས་ཀྱང་སླ་ལ་འཆི་ཡང་སླ་བར་ཤེས་རྟོགས་བྱུང་ཡོད།
  • ལེ་ཚན་སྔོན་མ།:ནོར་ཉམས་ཆོད་པའི་ནོམ་པ།
  • ལེ་ཚན་རྗེས་མ།:ཧོར་བྲག་མགོ་ཞེས་པའམ་ར་དབུ་ཞེས་པའི་ཐ་སྙད་ཀྱི་སྐོར་ཅུང་ཟད་བཤད་པ།
  • དོ་སྣང་ཆེ་བའི་རྩོམ།