རྣམ་བཅུ་དབང་ལྡན་གྱི་མཚོན་དོན།

        2015-03-12

རྣམ་བཅུ་དབང་ལྡན་གྱི་མཚོན་དོན།

འདི་ལ་ཕྱི་ནང་གཞན་གསུམ་གྱི་མཚོན་དོན་ཡོད་དེ།ཕྱི་ལ་སྦྱར་ན།ཕྱི་འཇིག་རྟེན་གྱི་འབྱུང་བཞི་རི་རབ་དང་བཅས་པའི་སྣོད་ཆགས་པ་དང་ཆོས་མཐུན་པའི་ཡ་རླུང་གི་ཁམས།ར་མེའི་ཁམས།བ་ཆུའི་ཁམས།ལ་སའི་ཁམས་ཏེ།ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་རིམ་བརྩེགས་མཚོན་པ་དང་།ཧ་ཀྵ་མ་གསུམ་གྱིས་རིམ་པ་བཞིན།གཟུགས་མེད་ཁམས་དང་གཟུགས་ཁམས།འདོད་ཁམས་ཏེ་ཁམས་གསུམ་གྱི་ནང་བཅུད་ཀྱི་སེམས་ཅན་མཚོན།ཟླ་ཚེས་ཐིག་ལེ་ནཱ་ད་གསུམ་གྱིས་སེམས་ཅན་གྱི་སྲོག་དང་།དྲོད་དང་།ནམ་མཁའི་སྟོང་བ་མཚོན་པ་དང་།ཡང་ན།ནམ་མཁའི་རླུང་མེ་ཆུ་ས་རི་རབ།པད་མ།ཟླ་ཉི།སྒྲ་གཅན་སོགས་ཀྱང་མཚོན་ནོ།།ནང་ལ་སྦྱར་ན།གཞི་མངལ་སྐྱེ་ཁམས་དྲུག་ལྡན་གྱི་མིའི་སྤྱི་བོ་ནས་དཔྲལ་བའི་བར་གྱི་རླུང་དཀྱིལ་མཚོན་པ་ཡ།དེ་ནས་མགྲིན་པའི་བར་གྱི་མེ་དཀྱིལ་མཚོན་པ་ར།དེ་ནས་སྙིང་གའི་བར་གྱི་ཆུ་དཀྱིལ་མཚོན་པ་བ།དེ་ནས་ལྟེ་བའི་བར་གྱི་ས་དཀྱིལ་མཚོན་པ་ལ།དེ་ནས་གསང་བའི་བདེ་སྐྱོང་མཚོན་པ་མ།ཁམས་ལྔ་འདུས་པའི་རགས་པའི་ལུས་མཚོན་པ་ཀྵ།སྤྱི་བོའི་བྱང་སེམས་མཚོན་པ་ཧ།ཟླ་ཚེས་ཐིག་ལེ་ནཱ་ད་གསུམ་ནི།ཟླ་ཉི་སྒྲ་གཅན་གསུམ་སྟེ།རོ་རྐྱང་དབུ་མ་གསུམ་གྱི་རྩ་གསུམ་མཚོན།གཞན་ཡང་།དུས་ཀྱི་འཁོར་ལོའི་རིམ་གཉིས་ལས་བཤད་པ་ལྟར།མ་དག་པའི་སྣོད་དང་སྐྱེ་གནས་དང་།དེ་དག་ཏུ་ལས་ཉོན་གྱི་དབང་གིས་སྐྱེ་བ་ལེན་པའི་ནུས་པ་སྦྱོང་བའི་སྦྱོང་བྱེད་བསྐྱེད་རིམ་གྱི་ལམ་གྱི་རྣམ་པ་དང་མཐུན་པའི་མཚོན་བྱེད་དང་།ལུས་ཀྱི་ཁམས་སོགས་སྒྲིབ་བྲལ་དུ་བྱེད་པའི་རྫོགས་རིམ་གྱི་ལམ་གྱི་རྣམ་པ་དང་མཐུན་པའི་མཚོན་བྱེད་དང་།སྦྱངས་འབྲས་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་དང་།མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཐུགས་མཚོན་པའི་ཚུལ་སོགས་མང་སྟེ་གཞན་དུ་ཤེས་པར་བྱ་ཞིང་།འདིའི་རྣམ་གཞག་མདོར་བསྡུས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བེེ་དཀར་གཡའ་སེལ་ནའང་ཡོད།ཚོན་མདོག་ནི།འོག་གི་འབྱུང་བཞི་སོ་སོའི་རང་མདོག་སྟེ།ཡ་ལྗང་ཁུ།ར་དམར་པོ།བ་དཀར་པོ།ལ་སེར་པོ།འདོད་ཁམས་ཀྱི་འདོད་ཡོན་ལྔ་མཚོན་བྱེད་མ་ཁ་དོག་ལྔ་ལྡན།ཀྵ་དཀར་པོ།ཧ་སྔོན་པོ།ཟླ་ཚེས་ཟླ་བའི་ཁམས་མཚོན་པའི་དཀར་པོ།ཐིག་ལེ་ཉི་མའི་ཁམས་མཚོན་པའི་དམར་པོ།ནཱ་ད་ནམ་མཁའི་ཁམས་མཚོན་པའི་སྔོན་པོ།འདིས་ནི་ཁམས་གསུམ་གྱི་འཇིག་རྟེན་སྣོད་བཅུད་ཐམས་ཅད་མཚོན་པས།ཁང་བའམ་གཙུག་ལག་ཁང་གི་ནང་དུ་འབྲི་བ།ལུས་ལ་འཆིང་བ།ཁང་བའི་ནང་དུ་བཀལ་ན།གཟའ་བཙན་གྱིས་གནོད་པ་དང་།ཐོག་དང་ཤྭ་འོད་སོགས་ཀྱི་འཇིགས་པ་དང་།དུག་དང་མཚོན་གྱི་འཇིགས་པ་སོགས་མདོར་ན་རྐྱེན་ངན་བར་ཆད་སེལ་ཞིང་བསྲུང་བ་དང་།བཀྲ་ཤིས་བསམ་དོན་བདེ་བླག་ཏུ་འགྲུབ་པའི་དགེ་མཚན་མང་དུ་ཡོད་པར་གསུངས་སོ།།

  • ལེ་ཚན་སྔོན་མ།:དགེ་བཤེས་ལྷ་རམས་པར་རྒྱུགས་སྤྲོད་སྟངས་སྐོར་གླེང་བ།
  • ལེ་ཚན་རྗེས་མ།:ཕྲེང་བའི་སྐོར།
  • དོ་སྣང་ཆེ་བའི་རྩོམ།