ཕྲེང་བའི་སྐོར།

མགོན་པོ་སྐྱབས།    བོད་ཀྱི་དམངས་སྲོལ་རིག་གནས།2014.3    2015-03-17

 ཕྲེང་བའི་སྐོར།

 ཕྲེང་བ་ནི་གནའ་བོའི་དུས་ནས་བོད་རིགས་སེར་སྐྱ་ཕོ་མོ་ཀུན་གྱིས་ཁ་འདོན་གྱི་གྲངས་གསོག་པའི་ཡོ་བྱད་སོགས་སུ་བཀོལ་ནས་ནམ་རྒྱུན་ལུས་དང་འབྲལ་མེད་དུ་འཆང་བཞིན་ཡོད་ཅིང་། དེང་དུས་འགའ་རེས་ཕྲེང་བའི་བཅང་ཚུལ་དང་སྤང་བླང་གི་ཁྱད་པར་སོགས་མ་ཤེས་པར་རྒྱན་ཆའི་ཚུལ་དུ་བཀོལ་སྤྱོད་བྱེད་བཞིན་ཡོད་མོད། འོན་ཀྱང་། དེ་དག་ལ་མཚོན་ན་ཕྲེང་བའི་ངོ་བོ་དང་། ངེས་ཚིག  རྒྱུན་ཐག  བགྲང་ཚད།  མདོ་འཛིན། དབྱེ་བ། བཅང་ཚུལ། རབ་གནས་བྱ་ཚུལ། དགོས་པ་དང་ཕན་ཡོན་སོགས་ཕལ་ཆེར་མི་ཤེས་པའི་ཚད་ཡིན་པས། གཤམ་དུ་དེ་དག་རེ་རེ་བཞིན་ངོ་སྤྲོད་མདོར་བསྡུས་ཤིག་བྱ་བར་འདོད་དེ། །
   དང་པོ།  ཕྲེང་བའི་བྱུང་འཕེལ།
  དེ་ཡང་ཕྲེང་བ་དེ་ཉིད་ཐོག་མར་ཇི་ལྟར་བྱུང་བའི་སྐོར་ལ༼རྒྱུད་ཀྱི་རྒྱལ་པོ་སཾ་པུ་ཊའི་བརྟག་པ་དགུ་པ༽ལས། “ཕྲེང་བའི་རྒྱུ་དང་ཁ་དོག  ཕྲེང་ཐག  མདོ་འཛིན་ལ་སོགས་པའི་མཚན་ཉིད་འདི་དག་ནི། ཕྱིན་ཅི་མ་ལོག་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་བསྟན་གྱིས་ལེགས་པར་ཉོན་ཅིག ” ཅེས་གསུངས་ཡོད་པར་བལྟས་ན།  ཕྲེང་བ་དེ་དུས་ནམ་ཞིག་ལ་བྱུང་བའི་ལོ་རྒྱུས་མི་གསལ་ཡང་སྟོན་པ་བཅོམ་ལྡན་འདས་ཀྱི་དུས་ནས་བཟུང་ཕྲེང་བ་དར་ཡོད་པ་མ་ཟད། རྒྱུད་དེ་ཉིད་ལས་ཕྲེང་བའི་ངོ་བོ་དང་གོ་དོན། འཆང་ཚུལ་སོགས་ཀྱང་གསལ་བོར་བཤད་ཡོད་དོ། །
  རྒྱའི་ཡིག་ཚང་ལྟར་ན། ཕྲེང་བའི་འབྱུང་ཁུངས་ཐད་ལ། སྤྱིར་བཏང་ཚང་མས༼སངས་རྒྱས་ཀྱིས་གསུངས་པའི་ལུང་ཏོང་མིག་གི་མདོ༽ ཞེས་པར་བཀོད་པའི་སངས་རྒྱས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བུ་འཕགས་སྐྱེས་པོ་ཟེར་བ་ལ་བཀའ་བསྩལ་བ་དེར་གཞི་འཛིན་གྱི་ཡོད་པ་རེད།
   མདོ་དེ་ལས། “བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ། གལ་ཏེ་གང་གིས་ཉོན་མོངས་པའི་སྒྲིབ་པ་དང་ལས་ཀྱི་སྒྲིབ་པ་རྣམ་པར་དག་པར་འདོད་པས། ལུང་ཏོང་མིག་བརྒྱ་དང་བརྒྱད་སྟར་ལ་བརྒྱུས་ཏེ། ནམ་ཡང་ལུས་དང་མི་འབྲལ་བར་བགྱིའོ། ། སོང་ངམ་སྡོད་དམ་ཉལ་ཡང་རུང་སྟེ། ཐོག་མཐའ་བར་དུ་སེམས་མི་གཡེང་བར། ཡིད་རྩེ་གཅིག་གིས་དཀོན་མཆོག་གསུམ་གྱི་མཚན་ནས་བརྗོད་དེ།  ཕྲེང་བའི་རྡོག་པོ་རེ་རེ་འདྲེན་ཅིང་། དེ་ལྟར་རིམ་བཞིན་སེམས་མི་གཡེང་བར་བཅུའམ། ཉི་ཤུའམ། བརྒྱའམ་སྟོང་ངམ། བྱེ་བའམ་རྣམ་པར་དག་པའི་སྒོ་ནས་ཉིས་འབུམ་ལ་སོགས་བགྲང་བ་དང་། སེམས་མི་གཡེང་བ། ཁ་གསག་གི་འདུ་ཤེས་མེད་ན། ཚེ་འཕོས་ནས་འཐབ་བྲལ་དུ་སྐྱེ་བ་ལེན་ཏེ། དེར་ཟས་གོས་ལོངས་སྤྱོད་དང་བདེ་བ་ཚད་མེད་པར་ཉམས་སུ་མྱོང་ངོ་། ། གལ་ཏེ་སུས་བྱེ་བ་ལ་སོགས་བགྲང་བར་ནུས་ན། ཕྲ་རྒྱས་བརྒྱ་དང་བརྒྱད་རྣམ་པར་བྱང་ཞིང་འཁོར་བ་ལས་བཟློག་སྟེ་མྱ་ངན་ལས་འདའ་བ་དང་།  སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ནས་བླ་ན་མེད་པའི་ཡེ་ཤེས་འཐོབ་པར་འགྱུར་རོ། ། ཞེས་བཀའ་བསྩལ་ཏོ། །
   དེ་ནས་ཕོ་ཉ་ཕྱིར་ལོག་སྟེ་རྒྱལ་པོར་ཞུས་པ་ན། རྒྱལ་པོ་ཡིད་དང་བ་ཆེན་པོས་བཅོམ་ལྡན་འདས་ཀྱི་ཕྱོགས་ག་ལ་བ་དེར་དབང་པོ་ལྔས་ཕྱག་བྱས་ཤིང་། དགེ་སྦྱོང་ཆེན་པོ། བདག་གིས་དེ་ལྟར་བསྒྲུབ་བོ། ། ཞེས་གསོལ་ནས་བློན་འབངས་ཐམས་ཅན་སྐུལ་སློང་མཛད་དེ་ལུང་ཏོང་མིག་བསྡུས་ཤིང་ཕྲེང་བ་བརྒྱ་སྟོང་མང་པོ་བཟོས་སོ། ། གཉེན་ཉེ་འབྲེལ་ལོངས་སྤྱོད་ལྡན་པ་ཐམས་ཅད་ལ་རེ་རེ་བཞིན་བསྩལ་ཏོ། ། རྒྱལ་པོས་རྒྱུན་དུ་དཀོན་མཆོག་གསུམ་གྱི་མཚན་ནས་བརྗོད་པ་དང་། གཡུལ་དུ་ཞུགས་ཀྱང་བགྲང་ཞིང་མི་འདོར་བ་ཡིན་ནོ། ། ”ཞེས་གསུངས་འདུག
   དེ་མིན༼དཔལ་ཁ་སྦྱོར༽དང་། ༼རྒྱུད་བརྟག་པ་གཉིས་པ༽༼རྡོ་རྗེ་གདན་གཞི༽༼སྡོམ་པ་འབྱུང་བ༽༼ཧེ་རུ་ཀ་སྔོན་འབྱུང༽སོགས་གསར་རྙིང་གི་རྒྱུད་སྡེ་མང་པོ་ལས་རྒྱས་བསྡུས་ཅི་རིགས་སུ་གསུངས་ཡོད་པ་དག་ལ་གཞིགས་ན་རང་རེའི་ནང་བ་སངས་རྒྱས་པས་སྤྱོད་པའི་ཕྲེང་བའི་རིགས་དེ་ནི་སྔོན་དུས་སྟོན་པ་བཅོམ་ལྡན་འདས་ཀྱི་དུས་ནས་བྱུང་བ་མངོན་སུམ་དུ་གྲུབ་བོ། །
   བོན་ལུགས་སུ་སྟོན་པ་གཤེན་རབ་མི་བོ་དེ་ཉིད། སྤྱི་ལོའི་སྔོན་གྱི་ལོ༡༢༩༡གི་སྐབས་སུ་ཁྱིམ་སྤངས་ཏེ་རབ་ཏུ་བྱུང་བའི་རྗེས་སུ། སྟོན་པ་ཁྲི་གཙུག་རྒྱལ་བས་དཀའ་ཐུབ་མཛད་ནས་སྐུ་ལུས་བལ་དཀར་འདབ་ལས་ཡང་བའི་དུས།  ཕྱི་སྣང་བ་བསླུ་བྲིད་ཀྱི་ཁྱིམ་སྤངས་ནས་འཇིག་རྟེན་བྱ་བ་དང་རིང་དུ་གྱེས་ཟིན་ཡང་། “འཇིག་རྟེན་འཁོར་དང་ཟང་ཟིང་རྣམས་། རྨི་ལམ་ནང་དུ་རྒྱུ་བ་འདི། །ཀུན་གཞིའི་དཀྱིལ་དུ་རྒྱུ་ནུས་པས། རྒྱུ་ལ་འབྲས་བུ་ཕྱིར་སྐྱེ་ངེས།”ཞེས་གསུངས་ཤིང་། ནང་ཀུན་གཞིའི་ཀློང་དུ་འཁོར་བའི་ས་བོན་བག་ལ་ཉལ་བར་དགོངས་ཏེ། བག་ཆགས་ངན་པས་ཞེན་པ་གཅོད་པའི་བརྡ་ཐབས། སྙིང་པོ་བགྲང་བའི་རྫས་ཀྱི་འཕྲེང་བ་ཐུགས་སུ་དགོངས་ནས་སྙིང་པོ་བགྲངས་ཤིང་སྨོན་ལམ་བཏབ་པས། ཁ་དོག་ལྔ་ལྡན་གྱི་སྡོང་པོ་ཡ་མཚན་པ་ཞིག་སྐྱེས་པ་དེར་ཕྲེང་བའི་རྒྱུ་རྫས་བྱས་ཏེ་རིམ་གྱིས་རྫས་ཀྱི་འཕྲེང་བ་འདི་གྲུབ་ཅིང་། དེའི་ངེས་ཚིག་ནི“འཁོར་བའི་ཕྱོགས་སུ་མི་འཕྲེང་པར། ཡང་དག་དོན་ལ་འཕྲེང་བའི་ཕྱིར། །མ་ནོར་ངེས་པ་དོན་དམ་རྫས། གྲངས་སུ་བགྲང་བའི་རྫས་སྨིན་ཤོག །”ཅེས་གསུངས་པ་དག་ལ་དཔྱད་ཞིབ་བྱས་ཚེ་ཕྲེང་བ་དེ་ཉིད་སྟོན་པ་གཤེན་རབ་མི་བོ་ཆེའི་དུས་སུ་ཚུལ་ཇི་ལྟར་བྱུང་བར་བསྟན་ཡོད་དོ། །
གཉིས་པ་ཕྲེང་བའི་གོ་དོན་དང་ངེས་ཚིག
དེ་ཡང་ཕྲེང་བའི་ངོ་བོའམ་གོ་དོན་ནི༼སློབ་དཔོན་པདྨའི་དགོངས་འདུས་ཕྲེང་བཤད་སྔགས་འཆང་རྒྱན་གྱི་མེ་ཏོག༽ལས“དད་དང་ལྡན་པའི་སྐྱེས་མཆོག་རྣམས། །བླ་མ་ལ་ནི་སེམས་ཕྲེང་བས། ། གསོལ་བ་ཕུར་ཚུགས་གདབ་པ་དང་། ། སྒྲུབ་ལ་ནན་ཏན་བྱེད་འདོད་པས། ། ཡི་དམ་ལྷ་ལ་སེམས་ཕྲེང་ཞིང་། །བསྙེན་པ་ཚུལ་བཞིན་བརྩོན་པ་དང་། ། འཕྲིན་ལས་མྱུར་དུ་བསྒྱུར་འདོད་པས།། མཁའ་འགྲོ་ལ་ནི་སེམས་ཕྲེང་ཞིང་། ། ལས་རྣམས་མཐའ་རུ་དབྱུང་བ་སྟེ།། བླ་མ་ལ་ནི་སེམས་ཕྲེང་བས། ། གདུང་བ་དྲག་པོ་བསྐྱེད་པ་ཡིས། །བླ་མས་བདག་ལ་ཐུགས་ཕྲེང་ནས། ། བརྩེ་བ་ཆེན་པོས་བྱིན་གྱིས་བརླབས། ། ཡི་དམ་ལྷ་ལ་སེམས་འཕྲེང་ནས། ། སྒྲུབ་པ་ནན་ཏན་བསྐྱེད་པ་ཡིས། །ལྷ་ཡིས་བདག་ལ་ཐུགས་ཕྲེང་ནས། ། མཆོག་དང་ཐུན་མོང་དངོས་གྲུབ་སྦྱིན། ། ཌཱཀྐྐཱིའི་ཚོགས་ལ་སེམས་ཕྲེང་ཞིང་། །འཕྲིན་ལས་དྲག་ཏུ་བསྐུལ་བ་ཡིས། ། ཌཱ་ཀྐྐཱི་བདག་ལ་ཐུགས་ཕྲེང་ནས། ། ཅི་འདོད་འཕྲིན་ལས་བསྒྲུབ་པར་བྱེད། ། དེ་བཞིན་མཆེད་དང་ལྕམ་དྲལ་དང་། ། རྡོ་རྗེ་སྤུན་གྲོགས་ལ་སོགས་པར། ། ཕན་ཚུན་གཅིག་ལ་གཅིག་ཕྲེང་བས། ། དམ་ཚིག་རྣམས་ལས་མི་འདའ་ཞིང་། ། དཀྱིལ་འཁོར་གཅིག་ཏུ་འགྲུབ་པ་དང་། ། རྡོ་རྗེ་སྲད་བུས་སྦྲེལ་བ་ཡིས། ། དགོངས་པ་གཅིག་ཏུ་གྱུར་པ་རྣམས།། གཅིག་སེམས་གཅིག་ལ་ཕྲེང་བའོ། ། ”ཞེས་གསུངས་པ་ལྟར། དད་པ་དང་ལྡན་པའི་སྐྱེས་བུ་མཆོག་ཏུ་གྱུར་པ་རྣམས་རང་རང་གི་བླ་མ་ལ་སེམས་ཕྲེང་ནས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་དང་། བསྙེན་སྒྲུབ་ལ་ནན་ཏན་དུ་གཞོལ་བར་འདོད་པའི་གང་ཟག་དེས་རང་གི་ཡི་དམ་གྱི་ལྷ་ལ་སེམས་ཕྲེང་ནས་བསྙེན་སྒྲུབ་ལ་ཚུལ་བཞིན་བརྩོན་པ་དང་། འཕྲིན་ལས་འགྲུབ་པར་འདོད་པ་དེས་མཁའ་འགྲོའི་ཚོགས་ལ་སེམས་ཕྲེང་ནས་ལས་རྣམས་མཐར་འཁྱོལ་བར་སྐུལ་བ། དད་པ་དང་ལྡན་པའི་སློབ་མས་རང་གི་རྩ་བའི་བླ་མ་ལ་སེམས་ཕྲེང་ཞིང་མོས་གུས་གདུང་ཤུགས་དྲག་པོ་བསྐྱེད་པ་ལས་བླ་མ་དེ་ཉིད་ཀྱིས་རྗེས་སུ་བཟུང་སྟེ་ཐུགས་བརྩེ་བ་ཆེན་པོས་བྱིན་གྱིས་བརླབས། རང་གི་ཡི་དམ་གྱི་ལྷ་ལ་སེམས་ཕྲེང་ཞིང་ཆགས་པའི་སྒོ་ནས་བསྙེན་སྒྲུབ་ལ་ནན་ཏན་དུ་བརྩོན་པ་ལས་ཡི་དམ་གྱི་ལྷ་དེས་རྗེས་སུ་བཟུང་ནས་མཆོག་གི་དངོས་གྲུབ་སྟེ། ། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་། ཐུན་མོང་གི་དངོས་གྲུབ་བརྒྱད་དེ། རིལ་བུ་དང་། མིག་སྨན་དང་། ས་འོག་དང་། རལ་གྲི་དང་། ནམ་མཁར་འཕུར་བ་། མི་སྣང་དང་། འཆི་བ་མེད་པ། ནད་འཇོམས་བཅས་སྦྱིན་པར་བྱེད་པ། ཌཱཀྐྐཱིའི་ཚོགས་ལ་སེམས་ཕྲེང་ཞིང་འཕྲིན་ལས་དྲག་ཏུ་བསྐུལ་བ་ལས་ཌཱཀྐྐཱིའི་ཚོགས་རྣམས་རང་ལ་ཐུགས་ཕྲེང་ནས་ཅི་འདོད་འཕྲིན་ལས་བསྒྲུབ་པར་གྲོགས་དན་མཛད་པ་དང་།  དེ་བཞིན་དུ་གསང་སྔགས་ཀྱི་དབང་ལུང་རྗེས་གསུམ་ལ་རྩེ་གཅིག་ཏུ་གཞོལ་བའི་རྡོ་རྗེ་སྤུན་མཆེད་དང་ལྕམ་སྲིང་རྣམས་ཕན་ཚུན་གཅིག་སེམས་གཅིག་ལ་ཕྲེང་བའི་སྒོ་ནས་དམ་ཚིག་ལས་མི་འདའ་ཞིང་དཀྱིལ་འཁོར་གཅིག་ཏུ་འགྲུབ་པ་དང་། ཕྲེང་རྡོག་རེ་རེ་སྲ་ཞིང་མཁྲེགས་པའི་སྲད་བུ་སྟེ་སྐུད་པས་སྦྲེལ་བ་ལས་ལྟ་བ་གཅིག་ཏུ་མཐུན་པའི་རྡོ་རྗེ་སྤུན་མཆེད་རྣམས་གཅིག་སེམས་གཅིག་ལ་ཕྲེང་བའི་མཚོན་བྱེད་དུ་གསུངས་ཡོད་ལ། དེ་ལྟར་ན། སྒྲུབ་པ་པོ་དང་བསྒྲུབ་བྱའི་དཀྱིལ་འཁོར་གྱི་ལྷ་ཚོགས་སམ་བྱང་སེམས་རྣམས་གཅིག་སེམས་གཅིག་ལ་ཕྲེང་བའམ་ཆགས་པའི་མཚོན་བྱེད་དེ། བླ་མ་དང་ཡི་དམ་སོགས་ཡིད་ལ་ཕྲེང་ཞིང་དུས་རྒྱུན་མི་བརྗེད་པའི་དྲན་རྟགས་སུ། ཚད་དང་ལྡན་པའི་ཕྲེང་བར་སྔགས་བཟླས་ཤིང་གསོལ་བ་བཏབ་ན། དེ་དག་གིས་ཀྱང་རྗེས་སུ་བཟུང་ཞིང་བྱིན་རླབས་ཀྱི་དངོས་གྲུབ་སྩོལ་བ་ཡིན། །
དེས་ནས་དེང་སྐབས་མི་རྣམས་ཀྱིས་བསྙེན་འཛབ་རིགས་གྲངས་སུ་བགྲང་བྱའི་རྫས་ཕྲེང་ངམ་ཐུགས་དམ་གྱི་ཕྱག་ཆས་དེ་ལ་ཕྲེང་བ་ཞེས་ངོས་འཛིན་པ་ནི་སྤྱི་མིང་བྱེ་བྲག་ཏུ་བཏགས་པ་ཡིན་ལ། དེ་ལྟར་ན་ཕྲེང་བ་ཞེས་པའི་ངོ་ངོ་ནི། རྒྱུན་རིན་པོ་ཆེ་དང་འབྲས་བུ་ཅན་གྱི་སྡོང་བོ་སོགས་ལས་གྲུབ་པའི་སྔགས་དང་སྙིང་པོ་གྲངས་སུ་བགྲང་བྱེད་དུ་འཛིན་པའི་འཁོར་བའི་ཕྱོགས་སུ་སེམས་ཕྲེང་བ་བཅད་ནས་ཐར་བ་མྱང་འདས་ཀྱི་གོ་འཕང་ཐོབ་པ་ལ་ཡིད་ཕྲེང་བའི་བརྡ་ཐབས་ཀྱི་ཐུགས་དམ་ཕྱག་ཆ་དེ་ལ་ཕྲེང་བ་ཞེས་བཏགས་པར་མངོན་ཏེ།“བགྲང་བ་གྲངས་སུ་འཛིན་པ་དང་། ། བརྗོད་པ་རྩིས་སུ་བྱེད་པ་དང་། ། ཕྱག་ཆར་བྱུང་བ་ཕྲེང་ཞེས་བྱ། ། ”ཞེས་གསུངས་པ་ལྟར་རོ། །
  གསུམ་པ། ཕྲེང་བའི་དབྱེ་བ།
 ཕྲེང་བའི་དབྱེ་བ་ལ་ངོ་བོའི་སྒོ་ནས་དབྱེ་བ་དང་། སྒྲུབ་པ་པོས་ཐོག་མཐའ་བར་གསུམ་གྱི་བྱ་བ་ལ་ཕྲེང་བ་གསུམ་གྱི་ཐ་སྙད་བཏགས་ནས་དབྱེ་བ། རྒྱུའི་སྒོ་ནས་དབྱེ་བ། ཁ་དོག་གི་སྒོ་ནས་དབྱེ་བ། ཆེ་ཆུང་གི་སྒོ་ནས་དབྱེ་བ། གྲངས་ཀྱི་སྒོ་ནས་དབྱེ་བ། ལྷའི་རིགས་ཀྱི་སྒོ་ནས་དབྱེ་བ། སྤང་བླང་གི་སྒོ་ནས་དབྱེ་བ་སོགས་བྱེ་བྲག་ཁྱད་པར་གྱི་དབྱེ་བ་ནི་བསམ་མི་ཁྱབ་པ་ཞིག་ཡོད་ཀྱང་འདིར་གོང་གསལ་གྱི་དབྱེ་སྟངས་དེ་དག་ངོ་སྤྲོད་རགས་ཙམ་བྱས་ན།
  ༡ ངོ་བོའི་སྒོ་ནས་དབྱེ་བ།  ཕྱི་ནང་གསང་གསུམ་དང་དེ་ཁོ་ན་ཉིད་ཀྱི་ཕྲེང་བ་དང་རིགས་བཞི་སྟེ། ཕྱི་ཡི་ཕྲེང་ནི། རང་བཞིན་གྱི་གྲངས་ཚད་འཛིན་པ་དང་བསྙེན་པ་བྱེད་པའི་རྫས་ཀྱི་ཕྲེང་བ་སྤྱིའི་མིང་དུ་གོ་དགོས་ཤིང་། ནང་གི་ཕྲེང་བ་ནི། སྔགས་བཟླ་བའི་དུས་སུ་ཡས་མཆུ་མས་མཆུ་སྦྱོར་བའི་ཚུལ་ལ་གོ་དགོས་པ་དང། གསང་བའི་ཕྲེང་བ་ནི་གནད་ལ་དབབ་ཅིང་མཐར་དབྱུང་བ་སྟེ། སྔགས་བཟླ་བའི་དུས་སུ་དབུགས་འབྱིན་རྔུབ་བྱེད་ཚུལ་གྱི་ཆ་ནས་བཞག་པ་ཡིན། དེ་ཁོ་ན་ཉིད་ཀྱི་ཕྲེང་བ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་བ་ཉིད་སྤྲོས་པའི་མཚན་མ་ཉེ་བར་ཞི་བའི་རང་བཞིན་ཅན་ལ་བྱེད་པ་ཡིན་ཏེ“ཕྱི་ཕྲེང་རྫས་ལ་བརྟེན་རྣམས་སོ། ། ནང་གི་ཕྲེང་བ་མཆུ་སྦྱོར་རོ། ། གསང་བ་རླུང་གི་རྒྱུ་རྔུབས་ཏེ། ། སྟོང་ཉིད་སྤྲོས་པའི་ཕྲེང་བ་ཡིས། ། ཕྱི་ནང་གཞན་སོགས་གང་དང་གང་། གནས་ལུགས་ཀ་དག་དབྱིངས་སུ་བསྐྱལ། ། ཀུན་བཟང་དགོངས་པའི་ངང་ལ་བཞག”ཅེས་གསུང་པ་ལྟར་རོ། །
  ༢ སྒྲུབ་པ་པོས་ཐོག་མཐའ་བར་གསུམ་གྱི་བྱ་བ་ལ་ཕྲེང་བ་གསུམ་གྱི་ཐ་སྙད་བཏགས་ནས་དབྱེ་བ་ནི། ཐོག་མར་བརྩོན་འགྲུས་ཕྲེང་བ། བར་དུ་ཡེངས་མེད་ཕྲེང་བ། ཐ་མར་གཏན་བཞག་གི་ཕྲེང་བ་བཅས་སོ། །
  ༣  རྒྱུའི་སྒོ་ནས་དབྱེ་བ་ནི། རྒྱུ་ལ་སྤྱི་དང་བྲེ་བྲག་གཉིས་ལས། དང་པོ་ཕྲེང་བའི་རྒྱུ་སྤྱི་ལ་ནི། རྒྱུ་སྡེ་མང་པོ་ཞིག་ན། ཤེལ་དང་། ཉ་ཕྱིས། མུ་ཏིག  མུ་མེན། བྱུ་རུ། ལུང་ཐང་། དུང་། གསེར། དངུལ། ཟངས། ཞ་ཉེ། འཁར་བ། པདྨའི་སྙིང་པོ། བ་སོ། ཙན་དན། རུ་དྲཱ་ཀྵ། ནཱག་ཕ་ཎཱི། པུ་ཏྲ་ཙི། རཀྴ། ཝུ་མ། མིའི་ཐོད་རུས། རྔ་མོང་དང་བོང་བུ་མ་ཧེ་སོགས་ཀྱི་རུས་པ། ཤིང་གི་འབྲས་བུའི་རིགས། རིན་པོ་ཆེའི་རིགས་སོགས་ཕལ་ཆེར་གང་འདོད་གང་འཛོམས་ལ་བྱ་རུང་བར་གསུངས་སོ། །
  གཉིས་པ་བྱེ་བྲག་གི་རྒྱུ་ལ་ཞི་རྒྱས་དབང་དྲག་གི་ཕྲེང་རྒྱུ་སོ་སོ་དང་རིགས་ཀྱི་ཁྱད་པར་གྱི་ཕྲེང་རྒྱུ་སོ་སོ། རབ་འབྲིང་ཐག་གསུམ་གྱི་ཕྲེང་རྒྱུ་སོ་སོར་ཡོད་པ་ལས།
 ཞི་རྒྱས་དབང་དྲག་བཞི་ཡི་ཞི་བའི་སྔགས་བཟླ་བྱེད་ཀྱི་ཕྲེང་བའི་རྒྱུ་ནི། དུང་དང་ཤེལ། ཉ་ཕྱིས། མུ་ཏིག་དཀར་པོ། བེཌཱུརྱ་དཀར་པོ། བྱང་ཆུང་ཤིང་གི་འབྲས་བུ། རིན་པོ་ཆེའི་རིགས་མདོག་དཀར་ལ་འཇམ་པ་རྣམས་སོ། །
  རྒྱས་པའི་ལས་སྒྲུབ་པའི་སྔགས་བཟླ་བྱེད་ཀྱི་ཕྲེང་བའི་རྒྱུ་ནི། གསེར་དང་། དངུལ། ཟངས། མུ་ཏིག པདྨའི་སྙིང་པོ། ལུང་ཐང་། ཨ་རུ་ར། ནི་བར་ཏ། འོ་སེ་ལ་སོགས་ཕན་ནུས་དང་ཡོན་ཏན་ཅན་གྱི་ཤིང་འབྲས་དང་། མདོག་སེར་པོ་ཟད་དཀའ་བའི་རིགས་རྣམས་དགོས་པར་གསུངས་སོ། །
 དབང་གི་ལས་སྒྲུབ་པའི་སྔགས་བཟླ་བྱེད་ཀྱི་ཕྲེང་བའི་རྒྱུ་ནི། བྱུ་རུ་དང་། པདྨ་རཱ་ག  ཙནྡན་དམར་པོ། ཟངས་མ། སེང་ལྡེང་། མཛོ་མོ་ཤིང་སོགས་ཁ་དོག་དམར་པོའི་རིགས་དང་དྲི་ཞིམ་ཅན་གྱི་ཤིང་ལ་སོགས་པ་དག་བྱ་དགོས་པར་གསུངས།།
  དྲག་པོ་མངོན་སྤྱོད་ཀྱི་ལས་ཀྱི་སྔགས་བཟླ་བྱེད་ཀྱི་ཕྲེང་བའི་རྒྱུ་ནི། ལྕགས་དང་། གཡུ། རུ་དྲཱ་ཀྵ། ལུང་ཐང་། མིའི་ཐོད་རུས། དྲེད་མོང་གི་སོ། རྔ་མོང་དང་བོང་བུ་དང་མ་ཧེའི་རུས་པ། ཚེར་ནག་གི་ཤིང་དང་ཐོག་གུ་སོགས་ཁ་དོག་ནག་ཅིང་རྩུབ་པའི་རིགས་ཀྱི་ཕྲེང་བ་དག་བསྔགས་སོ།  །
  རིགས་ཀྱི་དབྱེ་བའི་ཕྲེང་བའི་རྒྱུའི་ཁྱད་པར་ལ། རྒྱུ་རིགས་བསྡུས་ཀྱིས་དབྱེ་བ་དང་། ཁ་དོག་རིགས་བསྡུས་ཀྱི་དབྱེ་བ། ལྷ་རིགས་སོ་སོའི་ཁྱད་པར་གྱི་དབྱེ་བ་དང་གསུམ་ལས། རྒྱུ་རིགས་བསྡུས་ཀྱི་དབང་དུ་བྱས་ན་ས་རིལ་གྱི་རིགས་ཞི་བའི་ལས། རྡོ་ཡི་རིགས་རྒྱས་པའི་ལས། སྨན་གྱི་རིགས་དབང་གི་ལས། ཐོད་པ་སོགས་རུས་པའི་རིགས་དྲག་པོའི་ལས་ལ་བསྔགས་པར་གསུངས་པ་དང་། ཁ་དོག་རིགས་བསྡུས་ཀྱི་དབང་དུ་བྱས་ན། ཁ་དོག་དཀར་པོ་ཞི་བ། སེར་པོ་རྒྱས་པ། དམར་པོ་དབང་། ནག་པོ་དྲག་པོའི་ལས། ཁྲ་བོ་སྣ་ཚོགས་ལ་བསྔགས་པར་གསུངས།
ལྷ་རིགས་སོ་སོའི་རིགས་བསྡུས་ཀྱི་ཁྱད་པར་ལ། བྱ་རྒྱུད་ལས་རིགས་གསུམ་གྱི་དབྱེ་བ་བཤད་དེ། དེ་བཞིན་གཤེགས་པའི་རིགས་ལ་བོ་དེ་ཙེའི་ཕྲེང་བ། པདྨའི་རིགས་ལ་པདྨའི་སྙིང་བོ། རྡོ་རྗེའི་རིགས་ལ་རུ་དྲཱ་ཀྵའི་ཕྲེང་བ་དགོས་པར་གསུངས་པ་དང་། རྣལ་འབྱོར་རྒྱུད་ལས། དེ་བཞིན་གཤེགས་པའི་རིགས་ལ་བོ་དེ་ཙེ། རྡོ་རྗེའི་རིགས་ལ་རུ་དྲཱ་ཀྵ། རིན་ཆེན་ནམ་ནོར་བུའི་རིགས་ལ་མུ་ཏིག  པདྨའི་རིགས་ལ་པདྨའི་སྙིང་པོའི་ཕྲེང་བ་དགོས་པར་གསུངས་སོ། །
   རྒྱུ་རབ་འབྲིང་ཐ་གསུམ་གྱི་ཕྲེང་བའི་རྒྱུའི་དབྱེ་བ་ནི། རབ་ནི་རིན་པོ་ཆེའི་རིགས། འབྲིང་ཤིང་གི་འབྲས་བུའི་རིགས། ཐ་མ་ཤིང་དང་ས་རྡོ་དང་སྨན་གྱི་ལྡེ་གུའི་རིགས་ཀྱིས་བཟོ་དགོས་པར་གསུངས་ཏེ། “རྒྱུ་ནི་རབ་ལ་རིན་པོ་ཆེ། ། འབྲིང་ནི་ཤིང་གི་འབྲས་བུ་སྟེ། ། ཐ་མ་ཤིང་དང་ས་རྡོ་དང་། ། སྨན་གྱི་ལྡེ་གུའི་ཕྲེང་བའོ། ། ”ཞེས་གསུངས་པ་ལྟར་རོ། །
   ༤ ཁ་དོག་གི་སྒོ་ནས་དབྱེ་བ་ནི། གོང་གི་རིགས་ཀྱི་རྒྱུའི་དབྱེ་བའི་སྐབས་སུ་བཤད་ཟིན་ཡང་ད་དུང་ཇེ་གསལ་དུ་བཏང་ན། དུང་དང་བྱུར་དཀར། ཤེལ་སོགས་ཁ་དོག་དཀར་པོའི་རིགས་རྒྱུ་བྱས་པའི་ཕྲེང་བ་ནི་ཞི་བ་དང་། གསེར་དང་སྦུར་ལེན་ནམ་སྤོས་ཤེལ། ཨ་རུའི་སྙིང་པོ་སོགས་ཁ་དོག་སེར་པོའི་རིགས་རྒྱུ་བྱས་པའི་ཕྲེང་བ་ན་རྒྱས་པའི་ལས། བྱུ་རུ་དང་ཟངས། ཙནྡན་སོགས་ཁ་དོག་དམར་པོའི་རིགས་དང་། སྨན་གྱི་ལྡེ་གུ་རྒྱུ་བྱས་པའི་ཕྲེང་བ་ནི་དབང་གི་ལས། ལྕགས་དང་ཚེར་ནག། ལུང་ཐང་སོགས་མདོག་ནག་རྩུབ་པས་རྒྱུ་བྱས་པའི་ཕྲེང་བ་ནི་དྲག་པོའི་ལས། གཟི་དང་མཆོང་། མདོག་སྣ་ཚོགས་ཅན་གྱི་རིན་པོ་ཆེའི་རིགས། བྷོ་ཏི་ཙིཏྟ། བ་སོ་སོགས་རྒྱུ་བྱས་པའི་རིགས་ནི་ལས་སྣ་ཚོགས་སྒྲུབ་པའི་ཕྲེང་ཡིན་པར་གསུངས་སོ། །
   ༥.ཆེ་ཆུང་གི་སྒོ་ནས་དབྱེ་བ་ནི། “ཆེ་ཆུང་ཚད་ནི་འདི་ལྟ་སྟེ། ། ཞི་བ་རང་གི་འགྲམ་སོའི་ཚད། ། རྒྱས་པ་ལ་ནི་མཐེའུ་ཆུང་ཙམ།། དབང་ཕྲེང་ནོར་བུའི་ཏོག་དང་མཉམ། ། དྲག་པོའི་ཕྲེང་བ་རྐང་བ་ཡི། ། མཐེབ་ཆེན་ཚད་དང་མཉམ་པ་སྟེ། ། འོན་ཀྱང་ནོར་བུའི་ཕྲེང་བ་དང་། ། ཤིང་འབྲས་རང་རང་ཚད་ཀྱིས་བཟུང་། ། ” ཞེས་གསུངས་པ་ལྟར། ཆེད་དུ་བཟོ་འདོད་པ་ཞིག་ཡིན་ན། ཞི་བའི་ཕྲེང་བའི་ཚད་ནི་མི་རང་རང་གི་གཡས་ཀྱི་འགྲམ་སོའི་སྟེང་འོག་གང་རུང་གི་རྒྱབ་ནས་བརྩིས་པའི་གཉིས་པ་དང་། རྒྱས་པ་ལ་སྐྱེས་པ་ཡིན་ན་མཐེའུ་ཆུང་གཡས་དང་། བུད་མེད་ཡིན་ན་གཡོན་གྱི་མཐེའུ་ཆུང་གི་སོར་རྩེའི་ཚད་དང་མཉམ་པ། དབང་ལ་སྐྱེས་པ་རང་གི་ནོར་བུ་འགྲེང་བའི་སྐབས་ཀྱི་ཏོག་གི་ཚད། བུད་མེད་ཡིན་ན་རང་གི་ལག་པ་གཡོན་གྱི་མཐེ་བོང་གི་སེན་རྩེ་ནས་གོང་མཛུབ་ཀྱི་སོར་ཚིགས་དང་པོའི་རི་མོ་དང་ཐུག་པའི་ནང་ངོས་ཀྱི་ཚད། དྲག་པོ་ལ་སྐྱེས་པར་རྐང་པ་གཡས་པའི་མཐེ་བོང་དང་། བུད་མེད་ལ་གཡོན་གྱི་མཐེ་བོང་གི་ཚད་དགོས་པར་གསུངས་ཤིང་། གཞན་གྱི་བཟོས་ཟིན་པའི་རིན་པོ་ཆེའི་ཕྲེང་བ་དང་། རང་བྱུང་གི་ཤིང་འབྲས་བཅས་ནི་རང་རང་གི་ཚད་ཀྱིས་བཟུང་ཆོག་པས་ཆེ་ཆུང་གི་ཚད་དེ་དག་དང་མ་མཐུན་ནའང་འགལ་བ་མེད་པར་ཨོ་རྒྱན་པདྨའི་དགོངས་འདུས་ཕྲེང་བཤད་ལས་བཤད་དོ། །
   ༦ གྲངས་ཀྱི་སྒོ་ནས་དབྱེ་བ་ནི།  འདི་ལའང་སྤྱི་དང་བྱེ་བྲག་གཉིས་ལས། ཕྲེང་བ་སྤྱིའི་གྲངས་ཚད་ལ་སློབ་དཔོན་པདྨའི་དགོངས་འདུས་ཕྲེང་བཤད་ལས། སྤྱི་ལ་བརྒྱ་དང་བརྒྱད་སྔགས་ཀྱང་། ། ཞེས་པ་ལྟར། བརྒྱ་དང་བརྒྱད་ཀྱིས་འཐུས་པར་གསུངས་ཤིང་། བྱེ་བྲག་ཏུ་སྔགས་སྒྲུབ་པ་ལ་གྲངས་ལྔ་བཅུ། དབང་གི་ལས་ཀྱི་གྲངས་ཚད་ལ་དེའི་ཕྱེད་དེ་ཉེར་ལྔ། ཞི་བའི་ལས་ཀྱི་གྲངས་ཚད་ལ་བརྒྱ་ཐམ་པ། རྒྱས་པའི་ལས་ཀྱི་ཕྲེང་བ་ལ་བརྒྱ་རྩ་བརྒྱད། དྲག་པོ་མངོན་སྤྱོད་ཀྱི་ཕྲེང་བ་ལ་དྲུག་ཅུ་དགོས་པར་གསུངས་ཏེ། ༼རྡོ་རྗེ་མཁའ་འགྲོ༽ལས“སྔགས་མཉེས་པ་ལ་ལྔ་བཅུ་སྟེ། རྗེས་སུ་ཆགས་པར་དེ་ཡི་ཕྱེད། །ཞི་བ་ལ་ནི་བརྒྱ་ཡིན་ཏེ། །རྒྱས་ལ་བརྒྱད་ནི་ལྷག་པར་བྱ། །མངོན་སྤྱོད་ལ་ནི་དྲུག་ཅུ་སྟེ། ། ལས་ཀྱི་བྱེ་བྲག་དག་གིས་སྦྱར།།”ཞེས་དྲག་པོ་མངོན་སྤྱོད་ལ་དྲུག་ཅུ་རྐྱང་དགོས་པར་གསུངས་མོད། ༼ གཤིན་རྗེ་གཤེད་དམར་ལས༽ “ ཞི་ལ་ནི་བརྒྱ་ཕྲག་གཅིག  རྒྱས་པ་བརྒྱད་ཀྱིས་ལྷག་དེ་བཞིན། ། དབང་དགུག་ཉི་ཤུ་རྩ་ལྔའོ།། མངོན་སྤྱོད་དྲུག་ཅུ་རྩ་བཞིའོ།། རྡོག་པོ་རྣམས་ནི་སྔགས་ཀྱི་སྐུ། ། བརྒྱ་ཕྱེད་སྔགས་ཀྱིས་བསྒྲུབ་པར་བྱ། ། ”ཞེས་དྲག་པོ་མངོན་སྤྱོད་ཀྱི་ཕྲེང་བའི་གྲངས་ཚད་ལ་དྲུག་ཅུ་རེ་བཞི་གསུངས་པ་དང༼བདེ་མཆོག་སྡོམ་འབྱུང༽ལས “དབང་ལ་གོང་དུ་དྲངས་ཟིན་ལྟར། །རྟག་ཏུ་རིལ་བུ་ལྔ་བཅུའོ། ། ” ཞེས་དབང་གི་ལས་སྒྲུབ་པའི་ཕྲེང་བའི་ཚད་ལ་ལྔ་བཅུ་དང་། དྲག་པོའི་ཕྲེང་གྲངས་ཀྱི་ཚད་མ་གསུངས་སོ། །
   “ཕྲེང་བའི་གྲངས་ཀྱི་ཚད་བསྟན་པ།། སྤྱི་ལ་བརྒྱ་དང་བརྒྱད་བསྔགས་ཀྱང་།། ཡང་ན་དེ་ཕྲེད་ལྔ་བཅུ་བཞི། ། ཉེར་གཅིག་དང་ནི་བཅུ་བཞི་སྟེ། ། ཞེ་རྒྱས་ལས་སྔགས་གང་བསྟེན་ཡང་། ། བཅུ་གཅིག་གྲངས་ཀྱི་ཚད་ཀྱང་བསྐྱལ། ། བརྒྱ་སྟོང་ཁྲི་འབུམ་ལ་སོགས་པར། ། བསྙེན་གྲངས་གཞུང་དང་བསྟུན་པར་བྱ། ། དེ་བཞིན་རྒྱས་པ་བརྒྱ་རྩ་བརྒྱད། ། དབང་ལ་ལྔ་བཅུ་རྩ་བཞིའི་གྲངས། ། དྲག་པོ་ལ་ནི་ཉེར་གཅིག་གོ། ཀུན་ཀྱང་རང་རང་གཞུང་ལུགས་ལྟར། ། གྲངས་ཀྱི་བསྙེན་པ་ཚད་དུ་བསྐྱལ། ། དེ་ལྟར་རྣམ་པ་བཞི་དག་ལ། ། མང་བ་མི་བྱ་ཉུང་མི་བྱ། ། ”ཞེས་གོང་དང་མི་མཐུན་པར་གསུངས་ཀྱང་། གཙོ་བོ་རྒྱུད་སྡེ་གང་ཉམས་སུ་ལེན་པའི་སྐབས་དེའི་དགོངས་པ་དང་བསྟུན་དགོས་ལ། ཟབ་མོ་དག་སྣང་གི་རྒྱུད་ལྟ་བུ་ལ་དམིགས་བསལ་རེ་ཡོད་པ་ནི་བླ་མའི་མན་ངག་ལྟར་བྱ་དགོས་པར་གསུངས་སོ། །
   ༧ལྷ་རིགས་ཀྱི་སྒོ་ནས་དབྱེ་བ་ནི། འདི་ཡང་རིགས་ཀྱི་རྒྱུའི་དབྱེ་བའི་སྐབས་སུ་ཅུང་ཟད་བཤད་ཟིན་ཡང་། རྒྱུད་སྡེ་སོ་སོའི་ནང་གསུང་ཚུལ་མི་འདྲ་སྟེ། ༼རྒྱུད་རྡོ་རྗེ་རྩེ་མོ༽ལས “སངས་རྒྱས་རྣལ་འབྱོར་བོ་དེ་ཙེ། ། རྡོ་རྗེ་ཅན་ལ་རུ་ཀྵ། ། ཕྱི་རོལ་ནོར་རིགས་དབང་པོ་སྟེ། ། མུ་ཏིག་ནོར་བུའི་རྣལ་འབྱོར་ཅན། ། པདྨའི་སྙིང་བོའི་ཕྲེང་བ་ནི། །པདྨའི་རིགས་རྣམས་ཀུན་ལ་བསྔགས། ། ”ཞེས་དང་། དགེ་སློང་དབང་ཕྱུག་རིན་ཆེན་གྱིས་མཛད་པའི༼མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ཊཱིཀྐ་རིན་པོ་ཆེའི་ཟླ་བའི་སྒྲོན་མེའི་ལེའུ་དྲུག་པ༽ལས “བཟླས་པའི་གྲོགས་ཕྲེང་བ་ནི། བསེ་རུ་ནི་རིན་འབྱུང་གི་སྒོམ་ཆེན་པས་བཟུང་། དུང་ནི་རྣམ་སྣང་གི་སྒོམ་ཆེན་པས། རུ་རག་ཤ་ནི་མི་བསྐྱོད་པས། པདྨའི་འབྲུ་ནི་སྣང་མཐས། མུ་ཏིག་ལ་སོགས་ནི་དོན་གྲུབ་ཀྱིས་སོ། །བྱུ་རུ་སོགས་ནི་སྣང་མཐའི་སྒོམ་ཆེན་པས་བཟུང་ངོ། ། ”ཞེས་གསུངས་ཤིང་། རྒྱུད་སྡེ་དག་གི་དགོངས་པ་མི་འདྲ་ཡང་གཙོ་བོ་རྒྱུད་སྡེ་གང་ཉམས་སུ་ལེན་པའི་སྐབས་དེའི་དགོངས་པ་དང་ཆོས་རྒྱུད་རང་རང་གི་བླ་མའི་མན་ངག་དང་བསྟུན་དགོས་པར་གསུངས་སོ། །
  ༨ སྤང་བླང་གི་སྒོ་ནས་དབྱེ་བ་ནི།  བླང་བྱའི་ཕྲེང་བ་དག་ནི་གོང་ཕྲེང་བའི་རྒྱུ་བྱེད་པའི་སྐབས་ཀྱི་ཕྲེང་བ་དེ་དག་སྤང་བྱའི་སྐྱོན་གྱིས་མ་གོས་ན་བླང་བྱ་ཡིན་པས། བསྐྱར་དུ་གླེང་དགོས་མི་འདུག་ལ། སྤང་བྱའི་ཕྲེང་ན༼ ཨོ་རྒྱན་རིན་པོ་ཆེའི་དགོངས་འདུས་ཕྲེང་བཤད༽ལས “རྭ་ཕྲེང་མི་བཅིང་བགྲང་མི་བྱ། ། མཚམས་མེད་ལས་བགྱིས་འགྲོ་བ་ཡིས། ། བགྲང་དང་བཅིང་བའི་ཕྲེང་བ་དང་། ། དེ་བཞིན་གཞན་གྱིས་དོར་ཞིང་སྟོར་བ་ཡི། ། རྙེད་པའི་ཕྲེང་བ་མི་བསྟེན་སྤང་། ། ལྷ་ལ་ཕུལ་དང་རྒྱན་བྱས་ལ། ། དབང་མེད་འཕྲོག་པའི་ཕྲེང་བ་སྤང་།། ཐག་པ་ཆད་དང་གྲངས་མ་ཚང་། ། དུད་འགྲོས་འགོམས་དང་བྱ་བྱིས་ཟོས། ། མེས་འཚིགས་ལ་སོགས་ཉམས་པ་རྣམས། ། སྔགས་ལ་དམ་སེལ་ཞུགས་པས་སྤང་། ། ལུང་མ་བསྟན་གྱི་ཕྲེང་བ་དང་། ། རྣལ་འབྱོར་ཡིད་དང་མི་མཐུན་པའི། ། ཕྲེང་བ་གང་ཡིན་མི་བཅང་སྤང་། ། ”ཞེས་གསུངས་པ་བཞིན། རྭ་ཅོའི་ཕྲེང་བ་དང་། རྐང་རུས་ཀྱི་ཕྲེང་བ་དང་། མཚམས་མེད་པའི་ལས་བྱའི་ཕྲེང་བ་དང་། དམ་ཉམས་དང་བཤན་པ་དང་། གདོལ་བ་དང་། གཡུང་པོ་དང་། དམེ་བོ་དང་། ཆོས་བརྒྱུད་དང་བླ་སློབ་ལ་དམ་སེལ་ཞུགས་པ་དང་། ཡུགས་ས་དང་། སྡིག་སྒྲིབ་ཆེན་པོ་ཅན་དང་། རྐུན་མ་ཐག་པ་རྣམས་ཀྱིས་འཆང་བགྲང་མྱོང་བའི་ཕྲེང་བ་དང་། གཞན་གྱིས་དོར་བ་དང་སྟོར་བ་ཐང་ནས་རྙེད་པ་དང་། ལྷ་ལ་ཕུལ་ཟིན་པ་དང་། གཞན་གྱི་རྒྱན་ཆ་བྱས་པ་འཕྲོག་པ་དང་། ཐག་པ་ཆད་པ་དང་། གྲངས་ཀ་མི་ཚང་བ་དང་། ཁ་དོག་མི་ལེགས་པ་དང་། ཆེ་ཆུང་མི་སྙོམས་པ་དང་། རུས་པ་དང་ཤིང་ཕྲེང་མཉམ་དུ་བརྒྱུས་པ་ལྟ་བུ་རིགས་མི་མཐུན་པ་བསྡེབས་པ་དང་། དུད་འགྲོ་ཁྱི་རྟ་སོགས་ཀྱིས་འགོམ་པ་དང་། བྱ་བྱི་སོགས་ཀྱིས་ཟོས་པ་དང་། མེས་འཚིགས་པ་དང་། གས་ཆག་ཉམས་རལ་དུ་གྱུར་བ་དང་། མཚན་ཉིད་མི་ཚང་བའི་ལུང་མ་བསྟན་གྱི་ཕྲེང་བ་དང་། རྣལ་འབྱོར་བའི་ཡིད་དང་མི་མཐུན་པའི་ཕྲེང་བ་རྣམས་ནི་དམ་ཚིག་གི་རྟེན་དུ་འཆང་མི་རུང་ལ་བགྲང་ཡང་མི་རུང་བས་སྤང་བྱའི་ཕྲེང་བ་ཡིན་ལ།། གལ་ཏེ་རང་གི་ཕྲེང་བ་ཉམས་གས་སུ་གྱུར་ན། ། “རང་གིས་བཅིང་པའི་ཕྲེང་བ་དེ། ། ཉམས་པ་ལ་སོགས་སྐྱོན་ཞུགས་ན། ། མེ་ཐབ་ཡེ་ཤེས་ལྷ་ལ་འབུལ། ། ཡང་བ་འབྱུང་ཆུ་ལ་འབུལ། ། ཡང་ན་དམ་ཙིག་གཅིག་ངེས་པའི། ། མཆེད་དང་ལྕམ་ལ་སྦྱིན་ནའང་རུང་། ། རང་གིས་བཅིངས་པར་མི་བྱའོ། ། ”ཞེས་གསུངས་པ་ལྟར། སྦྱིན་བསྲེག་བྱེད་པའམ་ཆུ་ལ་དོར་བ་དང་། ཡང་ན་དམ་ཚིག་གཅིག་པའི་མཆེད་གྲོགས་ལ་སྦྱིན་རུང་བ་ཡིན་ནོ། །
བཞི་བ། ཕྲེང་བའི་རྒྱུན་སྐུད་དམ་ཕྲེང་ཐག
  དེ་ཡང་ཕྲེང་བའི་རྒྱུན་ཐག་ལ་རྒྱུ་དང་སྦོམ་ཕྲ་རིང་ཐུང་དང་སྐྱོན་གྱི་ཁྱད་པར་བཞི་ལས། དང་པོ་རྒྱུ་ལ་གསེར་གྱི་སྐུད་པའམ། ཡང་ན་བུ་མོ་གཞོན་ནུ་མ་མཛེས་ཤིང་ལྟ་ན་སྡུག་པ། དབང་པོ་དང་ཡན་ལག་ཤིན་ཏུ་རྫོགས་པ། དད་པ་དང་བློ་གྲོས་ལྡན་ཞིང་ངག་འཇམ་པོ་ཅན། འཛག་མེད་ཀྱི་བདེ་བ་སྤོར་བའི་རྟེན་འབྲེལ་དུ་གྲོང་བའི་ཆོས་ཀྱི་མ་གོས་པ་ཞིག་གིས་བཀལ་བའི་རལ་བལ་གྱི་སྐུད་པས་བྱ་དགོས་པ་ཡིན་ལ། ཞི་རྒྱས་དབང་དྲག་གི་ལས་སྒྲུབ་པའི་ཕྲེང་བའི་རྒྱུན་ཐག་ལ་ཞི་བའི་ཕྲེང་བ་ལ་བལ་སྐུད་དཀར་པོ། རྒྱས་པའི་ཕྲེང་བ་ལ་རས་སྐུད་སེར་པོ། དབང་ལ་དར་སྐུད་དམར་པོ། དྲག་པོ་མི་གྲིར་ཤི་བའི་བརྒྱུས་པའམ་བརྒྱུས་ཆེན། རྒྱུ་མ་དང་པགས་རིགས་ཀྱི་རྒྱུན་བུ་དགུ་སྒྲིལ། ལས་སྣ་ཚོགས་ཀྱི་ཕྲེང་བའི་རྒྱུན་ཐག་ལ་ཚོན་སྐུད་སྣ་ལྔ་བསྒྲིལ་བའི་སྲད་བུ་དགོས་པ་ཡིན། །
  གཞན་ཡང་མནན་པ་དང་བསྐྲད་པའི་ལས་སྔགས་བཟླ་བྱེད་ཀྱི་རྒྱུན་ཐག་ལ་བོང་ངུ་དང་རྔ་མོང་གི་སྤུ་ལ་བྱ་རོག་གམ་ཁྭ་ཏའི་སྒྲོ་སྤུ་བསྲེས་པའི་སྲད་བུ་དང་། ཕན་ཚུན་རྣམ་པར་སྡང་བའི་ལས་ལ་རྟ་དང་མ་ཧེ་ཡི་སྤུའི་སྲད་བུ། གསོད་པ་དང་གནོད་པ་བྱེད་པའི་ལས་སོགས་དྲག་ལས་སྤྱི་ལ་དུར་ཁྲོད་ཀྱི་སྐྲ་ལ་ཁྱི་སྤུ་བསྲེས་པའི་སྐུད་པ་དགོས་པ་ཡིན། །
  གཉིས་པ་ཕྲ་སྦོམ་གྱི་ཁྱད་པར་ནི། ཧ་ཅང་སྦོམ་ཆེས་པ་དང་ཕྲ་ཆེས་ན་རིམ་བཞིན་བགྲང་དཀའ་བ་དང་ཚད་མི་ཟིན། ཡངས་ཆེ་བས་ལས་བར་ཆད་འཇུག་ཅིང་དོག་ཆེ་ན་ལས་མི་འགྲུབ་པས། ཕྲེང་བའི་མིག་དང་བསྟུན་ཏེ་ཡངས་དོག་དང་ཕྲ་སྦོམ་རན་པ་ཞིག་དགོས་པ་གལ་ཆེ་བར་གསུངས།
  གསུམ་པ་རིང་ཐུང་གི་ཁྱད་པར་ནི། ཧ་ཅང་རིང་ན་ལྷ་འགྱངས་ཤིང་སྒྲུབ་པ་གཡེལ། ཧ་ཅང་ཐུང་ན་སྒྲུབ་པ་པོའི་ཚེ་ལ་གནོད་པར་གསུངས།
  བཞི་བ་སྐྱོན་གྱི་ཁྱད་པར་ནི། ཕྲེང་བའི་རྒྱུན་ཐག་ཆད་དེ་མདུན་པ་བརྒྱབ་པའམ་མ་ཆད་པར་མདུད་པ་ཆགས་པ་དང་། སྦོམ་ཕྲ་མི་སྙོམས་པ་ལས་གོད་ཁ་འབྱུང་བ་ཡིན་པས། ཕྲེང་ཐག་ལ་གོང་གི་སྐྱོན་དེ་དག་དང་མ་བྲལ་བ་ཞིག་དགོས་པ་ཡིན་ཏེ། “དེ་དག་ཀུན་ཀྱང་ཕྲེང་བ་ཡི། ། མིག་དང་བསྟུན་ལ་རན་པར་བྱ། ། ཡངས་པ་མ་ཡིན་དོག་པ་མིན།། རིང་བ་མ་ཡིན་ཐུང་བ་མིན། ། ཧ་ཅང་དོག་པས་ལས་མི་འགྲུབ། ཡངས་ན་གསེབ་འཚང་བར་ཆད་འཇུག ། རིང་ན་ལྷ་འགྱང་སྒྲུབ་པ་གཡེལ།། ཧ་ཅང་ཐུང་ན་ཚེ་ལ་གཟན། ། མདུད་པ་ཅན་དང་མདུད་པ་ཆགས། ། ཕྲ་སྦོམ་མ་སྙོམས་གོད་ཁ་འབྱུང་། ། དེ་སོགས་རྣམ་དབྱེ་ཤེས་པར་བྱ། ། ”ཞེས་གསུངས་པ་ལྟར་རོ། །
   ལྔ་བ། ཕྲེང་བའི་མདོ་འཛིན།
   མདོ་འཛིན་ཞེས་པའི་གོ་དོན་ལ་ཕྱི་ནང་གཉིས་ཀྱི་འཇོག་ཚུལ་ཐུན་མོང་མ་ཡིན་པ་རེ་ཡོད་མོད། འདིར་ཕྱིའི་མདོ་འཛིན་གྱི་ཆ་ནས་བཤད་ན། ཕྲེང་བའི་སྣེ་གཉིས་མདུད་དེ་སོ་སོར་མི་གྱེས་པར་དམ་དུ་འཛིན་པར་བྱེད་པས་མདོ་འཛིན་ཞེས་བཏག་པར་འདོད་ལ།  དེ་ཡང་ཕྲེང་རིགས་མི་འདྲ་བ་སོ་སོར་མདོ་འཛིན་ཡང་མི་འདྲ་བ་རེ་དགོས་པ་ཡིན་ཏེ། ཞི་བའི་ཕྲེང་བའི་མདོ་འཛིན་ལ་དབྱིབས་ཟླུམ་པོ་ཁ་དོག་དཀར་པོ་ཅན་དང་། རྒྱས་པའི་ཕྲེང་བ་ལ་དབྱིབས་ལྕམ་ཞོགས་མཆོག་རྟེན་གྱི་རི་མོ་ཡོད་པ་ཁ་དོག་སེར་པོ་དང་། དབང་དབྱིབས་ཟླ་གམ་དང་། ལེབ་ལེབ་དང་ནར་མོ་གང་རུང་ཁ་དོག་དམར་པོ་ཅན། དབང་ལ་དབྱིབས་ཟུར་གསུམ་སེན་ཐག་རིས་ཅན་ནམ་བུག་པ་ཚག་ཚག་ཅན། ཡང་ན་ཟུར་མང་པོ་རྩུབ་ཅིང་ཁ་དོག་ནག་པོ་ཅན་གྱི་རིགས་གང་རུང་། ལས་སྣ་ཚོགས་སྒྲུབ་པའི་ཕྲེང་བའི་མདོ་འཛིན་ལ་སྐུ་གསུང་ཐུགས་ཀྱི་མཚོན་བྱེད་དུ་རི་མོ་དཀར་དམར་སྔོན་སྤྲོས་པ་ཅན་བྱ་དགོས་པར་གསུངས་སོ། །
  གཞན་ཡང་རྗེ་རྭ་སྟོན་པས། མདོ་འཛིན་གྱི་སྟེང་དུ་བུམ་གཟུགས་སམ། ། མཆོད་རྟེན་གྱི་གཟུགས་དགོས་པར་གསུངས་པ་དང་། ཁ་སྦྱོར་ལས། ཕྲེང་ཐག་གི་སྐུད་པ་རྣམས་ནི་སངས་རྒྱས་ཀྱི་བདག་ཉིད་དང་། འཕྲེང་རྡོག་རྣམས་ནི་དགྲ་འདོད་ཆགས་ལ་སོགས་པ་བཅོམ་པའི་སངས་རྒྱས་དང་། མདོ་འཛིན་འོག་མ་ཆོས་ཀྱི་སྐུ་ཟག་པ་མེད་པའི་ཡེ་ཤེས་རང་བཞིན། དེའི་སྟེང་མ་མཆོད་རྟེན་ལྟ་བུ་ནི་དག་པ་གཉིས་ལྡན་གྱི་ཆོས་ཉིད་ངོ་བོ་ཉིད་སྐུ་མཚོན་བྱེད་དུ་གསུངས་སོ། །
   དྲུག་པ། ཕྲེང་བ་འཆང་ཚུལ།
  ཕྲེང་བ་འཆང་ཚུལ་ལམ་ཕྲེང་བ་འཆང་བའི་དམ་ཚིག་ནི། ཕྲེང་བ་དེ་གཞན་ལ་རང་དགར་མི་སྟོན་པར་ལུས་དྲོད་དང་མི་འབྲལ་ཞིང་། གཞན་ལག་ཏུ་མི་འཇོག་པ། ཁྱད་པར་དུ་རང་དང་དམ་ཚིག་མི་གཅིག་པ་དང་། དམ་ཉམས་དང་གྲིབ་ཅན་སྡིག་ཅན་གྱི་ལག་ཏུ་འཇོག་མི་རུང་། དུས་མིན་ལ་ལག་སྟོང་དུ་མི་འདྲེན། མོ་རྩིས་ཀྱི་ཆེད་དུ་མི་བཀོལ། རབ་གནས་མེད་པར་མི་འཆང་། ཕྲེང་བ་དེ་ས་སྒྲེ་བོར་མི་འཇོག །ཁྱི་སོགས་ལ་རྡེག་བྱེད་མི་བྱ། གཞན་ལ་མི་སྦྱིན། གོང་དུ་བཤད་པའི་སྤང་བྱའི་ཕྲེང་བ་དག་མི་འཛིན། ཕྲེང་ཐག་ཆད་ན་ཞག་མ་ལོན་པར་བརྗེ་དགོས།  ཕྲེང་བ་རླན་དང་གྲིབ་ལ་འཛེམ། ། གསང་བའི་ཕྲེང་བ་སྒྲུབ་པ་དང་ལས་སྦྱོར་གྱི་དུས་མ་གཏོགས་གོས་དང་ལུས་ཀྱི་བར་རམ་ཁུག་སོགས་སུ་སྦ། རིན་ཐང་ཅན་གྱི་ཕྲེང་བ་གཞན་གྱི་མཐོང་ན་རློམ་སེམས་སྐྱེ་བ་དང་ཤིན་ཏུ་དམན་པའི་ཕྲེང་བ་བཟུང་ན་བརྙས་བཅོས་བྱེད་པས་མི་འཆང་བའམ་ཀུན་ལ་མི་སྟོན་པར་སྦ་དགོས་པ་དང་། བླ་མས་གནང་བའི་ཕྲེང་བ་མི་འཆང་བར་རྟེན་དུ་འཆང་དགོས་པ་དང་། གལ་ཏེ་རང་གིས་བཟུང་བའི་ཕྲེང་བ་མཚན་ཉིད་དང་མཐུན་པ་ཉམས་གས་སུ་གྱུར་ན་སྦྱིན་སྲེག་བྱེད་པའམ་ཆུ་ལ་འདོར་དགོས་ཏེ། “གཡར་དམ་ཉིད་དུ་འཆང་བ་ཡི། ཕྲེང་བ་གཞན་ལ་མི་སྟོན་ཅིང་། ། ལུས་ཀྱི་དྲོད་དང་མ་བྲལ་ན། ། གང་བསྒྲུབ་མྱུར་དུ་འགྲུབ་པར་འགྱུར། ། དེ་བཞིན་གཞན་གྱི་ལག་མི་འགྲིམ། ། ཁྱད་པར་དམ་ཉམས་གྲིབ་ཅན་དང་། ། རང་དང་དམ་ཚིག་མི་གཅིག་པའི། ། མི་ཡི་ལག་ཏུ་མི་འགྲིམ་གཅེས། ། བཟླས་པ་བྱེད་དུས་འདྲེན་པ་ལས། ། དུས་མི་ལག་ལ་སྟོན་འདྲེན་མིན། ། མོ་རྩིས་སླད་དུ་བཤར་མི་བྱ།། རབ་གནས་མི་ལྡན་ཕྲེང་བ་དེ། ། ནམ་ཡང་འཆང་བར་མི་བྱ་ཞིང་། ། རབ་གནས་ལྡན་པའི་ཕྲེང་བ་དེ། ། ལས་གཞན་མི་བྱ་གསང་བར་བྱ། ། ས་ལ་མི་བཞག་ཡལ་མི་དོར། ། ”ཞེས་དང་། ཡང་དེ་ཉིད་ལས། “རང་གིས་བཅང་བའི་ཕྲེང་བ་དེ། ། ཉམས་པ་ལས་སོགས་སྐྱོན་ཞུགས་ན། ། མེ་ཐབ་ཡེ་ཤེས་ལྷ་ལ་འབུལ། ། ཡང་ན་འབྱུང་བ་ཆུ་ལ་འབུལ། ། ཡང་ན་དམ་ཚིག་གཅིག་ངེས་པའི། ། མཆེད་དང་ལྕམ་ལ་བྱིན་ནའང་རུང་། ། རང་གིས་བཅང་བར་མི་བྱའོ། ། ”ཞེས་གསུངས་པ་ལྟར་རོ། །
བདུན་པ། ཕྲེང་བ་འདྲེན་ཚུལ།
  དེ་ལ་བགྲང་ཚུལ་སྤྱི་ནི། ལག་པ་གཡས་པ་ཡ་གཅིག་གིས་མི་འདྲེན་པར་ལག་པ་གཡོན་པས་འདྲེན་པ་དང་། ཡང་ན། ལག་པ་གཉིས་ཀས་འདྲེན་དགོས་པ་ཡིན།
  བྱེ་བྲག་ཏུ་ཞི་རྒྱས་དབང་དྲག་ནི་ཕྲེང་བ་སོ་སོར་འདྲེན་པ་ལ། རབ་གནས་བྱས་པའི་ཕྲེང་བ་དེ་ཞི་བའི་སྔགས་ལ་མཛུབ་མོའི་སྟེང་དུ་བཞག་སྟེ་སྙིང་གའི་ཐད་དུ་བཟུང་ནས་འདྲེན་པར་བྱ་བ་དང་། རྒྱས་པའི་ལས་སྔགས་ལ་གུང་མོའི་སྟེང་དུ་བཞག་སྟེ་ལྟེ་བའི་ཐད་དུ་བཟུང་ནས་འདྲེན་པ་དང་། དབང་ལ་སྲིན་ལག་གི་སྟེང་དུ་བཞག་སྟེ་གསང་བའི་ཐད་དུ་བཟུང་ནས་འདྲེན་དགོས། དྲག་པོའི་ལས་སྔགས་ལ་མཐེའུ་ཆུང་གི་སྟེང་དུ་བཞག་ནས་རྐང་པ་སྐྱིལ་ཀྲུང་བསྣོལ་བའི་པུས་མོའི་ཐད་དུ་བཟུང་ནས་འདྲེན་དགོས། སྣ་ཚོགས་ཀྱི་ལས་ལ་གང་བདེར་བྱ་བ་དང་། མཐེ་བོང་རྡོ་རྗེ་ལྕགས་ཀྱུས་ལྷ་རྣམས་དབང་དུ་འགུགས་པའི་བསམ་པས་ཕྲེང་རྡོག་རེ་རེ་ནང་འདྲེན་གྱིས་ལྕགས་ཀྱུས་འགུག་པའི་ཚུལ་དུ་བགྲང་བའམ་འདྲེན་དགོས་པ་ཡིན།
   གཞན་ཡང་གསང་སྔགས་ཡོ་གའི་ལུགས་ལ་རིགས་ལྔའི་སྒྲུབ་པ་སོ་སོར་ཕྲེང་བ་འདྲེན་ཚུལ་མི་འདྲ་བ་རེ་ཡོད་དེ། ། དེ་བཞིན་གཤེགས་པའི་རིགས་བསྒྲུབ་པའི་བཟླས་པ་མཛུབ་མོས་བགྲང་བ་དང་། རྡོ་རྗེའི་རིགས་ལ་གུང་མོས་བགྲང་བ་དང་། རིན་ཆེན་རིགས་ལ་སྲིན་ལག  པདྨའི་རིགས་ལ་མཐེའུ་ཆུང་། ལས་ཀྱི་རིགས་ལ་མཛུབ་མོ་ཀུན་གྱིས་བགྲང་དགོས་པར་གསུངས།
   དེ་མིན་སྒོ་གསུམ་མ་དག་པའི་སྒོ་ནས་ཕྲེང་བ་འདྲེན་མི་རུང་སྟེ། ལུས་མ་དག་པ་ཁ་སྦུབ་དང་གན་རྐྱལ་ཉལ་བ། རྐང་བསྒྲད་ལག་བསྒྲད་ཀྱི་ངང་ནས་བགྲང་མི་རུང་བ་དང་། ངག་མ་དག་པ་ལུང་དང་མ་འབྲེལ་བའི་ཅ་ཅོ་དང་སྒྲུང་གཏམ། ཀུ་རེ་རྩེད་མཚར་སོགས་འཇིག་རྟེན་པའི་ཆགས་སྡང་རྨོངས་གསུམ་གྱི་གཏམ་གླེང་སྣ་ཚོགས་ཀྱི་སྒོ་ནས་ཕྲེང་བ་འདྲེན་མི་རུང་བ། ཡིད་མ་དག་པ་དགྲ་འདུལ་གཉེན་སྐྱོང་གི་རང་དོན་ཡིད་བྱེད་དམ་དུག་ལྔ་འཕེལ་བའི་སྒོ་ནས་བགྲང་མི་རུང་ངོ་། ། དེང་སང་སྐྱེ་ཕོ་མོ་རྒན་གཞོན་གང་རུང་གིས་ལག་ཏུ་ཕྲེང་བ་རེ་བཟུང་། ཁ་ནས་བག་མེད་འཆལ་གཏམ་སྣ་ཚོགས་བརྡོལ། ཡིད་ལ་མི་དྲན་དགུ་དྲན་གྱི་སྒོ་ནས་སྟོང་འདྲེན་བྱེད་པ་ནི་ཤིན་ཏུ་མི་འོས་པ་ཡིན་པ་ཤེས་པར་བྱའོ། །
   བརྒྱད་པ། ཕྲེང་བར་རབ་གནས་བྱ་ཚུལ།
   དེ་ཡང་ཕྲེང་བ་ལ་རབ་གནས་བྱ་དགོས་ཤིང་། རབ་གནས་མ་བྱས་པའི་ཕྲེང་བ་ལ་རབ་གནས་ཇི་ལྟར་བྱ་ཚུལ་ནི། ཕྲེང་བ་དེ་ལག་པ་གཡོན་པའི་མཐིལ་དུ་འཁྱིལ་ལེར་བཞག་ནས་མདོ་འཛིན་སྟེང་དུ་འོང་བར་བྱ། རང་ཉིད་ལྷའི་ང་རྒྱལ་གྱི་ངང་ནས་བསང་སྦྱང་བྱ་ཞིང་། ཕྲེང་བའི་རྒྱུན་ཐག་གམ་ཕྲེང་ཐག་གི་སྐུད་པ་སངས་རྒྱས་དང་། ཕྲེང་རྡོག་རྣམས་དགྲ་བཅོམ། མདོ་འཛིན་གྱི་སྟེང་མ་ཏོག་དེ་ཉིད་མཆོད་རྟེན་གྱི་རྣམ་པ་ལ་ངོ་བོ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་ངོ་བོ་ཉིད་སྐུ་རུ་མོས་པའི་དག་པ་དང་། འོག་མ་མདོ་འཛིན་ནི་འབྲས་བུ་ཆོས་སྐུར་བརྙེས་པ་ཆོས་ཀྱི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་སམ་ཡེ་ཤེས་ཆོས་སྐུའི་དག་པ་དྲན་པར་བྱ་བའམ། ཡང་ན། མདོ་འཛིན་རང་རང་གི་བསྒྲུབ་བྱའི་ཡི་དམ་གྱི་ལྷའི་གཙོ་བོ་དང་ཕྲེང་རྡོག་རྣམས་འཁོར་དུ་མོས་ནས་ལག་པ་གཡས་པའི་ཨ་ལས་ཉི་མའི་དཀྱིལ་འཁོར་དང་། ལག་པ་གཡོན་པའི་ཧཱཾ་དཀར་པོ་འོད་ཟེར་འཕྲོས་པ་ལས་ཟླ་བའི་དཀྱིལ་འཁོར་དུ་བསྒོམ། ལག་པ་གཡས་པའི་སོར་མོ་ལྔ་རྡོ་རྗེ་དང་། གཡོན་པའི་སོར་མོ་ལྔ་པདྨའི་འདབ་མ་རུ་མོས་ཤིང་པདྨ་དང་རྡོ་རྗེ་ཁ་སྦྱར་བའི་བར་དུ་ཕྲེང་བ་བཞག་སྟེ་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་བ་གཉིས་ཡ་མ་བྲལ་བར་དྲན་པར་བྱས་ནས་ཕྲེང་བ་བྱིན་གྱིས་བརླབས་པ་དང་།  ཡང་ན། བསྙེན་པ་གང་ཡིན་གྱི་བསྒོམ་བྱའི་ལྷ་དག་ཡིད་ལ་དྲན་པར་བྱས་ཏེ་ཡེ་ཤེས་འགུག་གཞུག་དང་། ལྷ་སྔགས་དང་རྟེན་སྙིང་། ཨཱ་ལི་ཀཱ་ལི་སོགས་བཟླས་ཏེ་ལག་གཡས་ཀྱིས་མེ་ཏོག་འཐོར། ༀ་རུ་ཙི་པྲ་མརྟའི་སྔགས་ལ་ཨབྷི་ཥིཉྩ་ཧཱུཾ་སྭཱ་ཧཱ་སྦྱར་ནས་ཕྲེང་བ་བརྒྱ་རྩ་བརྒྱད་ལ་ཡིག་འབྲུ་རྣམས་ཁ་དོག་དཀར་སེར་དམར་ལྗང་ཅན་འཆར་བཞིན་དུ་བབས་ནས་ཕྲེང་བའི་ལྷ་རྣམས་ལ་འཐིམས་ཏེ་གཉིས་མེད་དུ་གྱུར། དེ་ཡང་འོད་དུ་ཞུ་ནས་ཕྲེང་བའི་རྣམ་པར་གྱུར་བར་བསྒོམ། བཀྲ་ཤིས་པའི་ཚིགས་བཅད་བརྗོད། དེ་ནས་འབྲུ་གསུམ་སྟེ་ༀ་ཨཿ་ཧཱུཾ་གསུམ་བརྒྱ་རྩ་དང་ཕྲེང་སྔགས་དང་། ཨཱ་ལི་ཀཱ་ལི་དང་རྟེན་སྙིང་རྣམས་ཚར་ཉེར་གཅིག་གམ་ཅི་ནུས་བཟླས་མཐར་ལས་སྒྲུབ་ཀྱི་བསྙེན་པ་ལ་འཇུག་པར་བྱའོ། །
   ཡང་ན། འཁོར་བའི་ཕྱོགས་སུ་སེམས་འཕྲེང་བའི་ཞེན་པ་བཅད་ནས་ཐར་བ་མྱང་འདས་ཀྱི་ཕྱོགས་སུ་ཡིད་དངོས་སུ་འཕྲེང་བར་བྱེད་པའི་བསམ་པས་ཕྲེང་བ་ཆབ་སྤོས་ཁྲུས་གཙང་གིས་དག་ཅིང་གཙང་བར་མཛད། གནས་གཙང་དུ་གདན་ཕྱིང་བ་དཀར་པོའམ་རས་དཀར་པོའི་སྟེང་དུ་འབྲུ་རིགས་སྤུངས་ནས་དྲི་བཟང་བྱུགས་ཏེ་བཞག་དེའི་མདུན་དུ་མཆོད་པའི་རྫས་སྣ་ཚོགས་གཡོ་མེད་པར་བཤམས་ཏེ། རང་རང་གི་ཡི་དམ་གྱི་མཚམས་བཅད་དང་བགེགས་བསྐྲད་བྱ་བ། དབྱིངས་ནས་བཞུགས་པའི་ཡི་དམ་གྱི་ལྷ་ཚོགས་སྤྱན་དྲངས་ནས་མཆོད་པའི་ཚོགས་རྣམས་འབུལ་བ་དགྱེས་བཞེས་མཛད་པར་བསམ་སྟེ། རབ་གནས་ཀྱི་སྙིང་པོ་ༀ་རུ་ཙི་པྲ་མར་ཏ་ན་ཡེ་རཏྞམ་ཎི་དྷ་ར་ཛྙཱན་དེ་ཝ་བྷི་ཥིཉྩ་ཧཱུཾ་སྭཱ་ཧཱ་ཞེས་བརྒྱ་རྩ་བརྒྱད་བཟླས་བ་དང་། རྟེན་འབྲེལ་གྱི་སྙིང་བོ་ཨཱ་ལི་ཀཱ་ལི་དང་ཞི་ཁྲོའི་ལྷ་ཚོགས་ཀྱི་སྙིང་པོ་ཅི་ནུས་བགྲང་། བསྔོ་སྨོན་རྒྱས་གདབ་བྱས་མཐར་ད་གཟོད་བགྲང་རུང་བ་ཡིན་ནོ། །
   དགུ་བ། ཕྲེང་བའི་དགོས་ཆེད།
  ཕྲེང་བའི་དགོས་ཆེད་ལ་སྤྱི་དང་བྱེ་བྲག  ཁྱད་པར་གྱི་དགོས་པ་གསུམ་ལས་དང་པོ་ནི། ཡི་དམ་གྱི་ལྷའི་ཕྱག་རྟགས་མི་བརྗེད་པ་དང་། གཉེན་པོའི་ཡེ་ཤེས་སེམས་ལ་འཕྲེང་བ་དང་། ནུས་མཐུ་སྐྱེ་བ་དང། ཤེས་རབ་ཡུམ་གྱི་རྟེན་དུ་རུང་བ་དང་། བསྐྱེད་རྫོགས་སྐྱེ་བའི་ཐབས་ཀྱི་རྟེན་འབྲེལ་དུ་འགྱུར་བ་དང་། ལུས་ངག་ཡིད་གསུམ་བདེ་སྡུག་རོ་སྙོམས་གཉིས་མེད་དུ་བསྲེ་བའི་གནད་གྲངས་ཟིན་པ་དང་། སྔགས་ཀྱི་དམ་ཚིག་གི་རྫས་སུ་འགྱུར་བ་དང་། ལོངས་སྤྱོད་ཀྱི་རྫས་ལྡན་དུ་འགྱུར་བ་དང་། ཞི་རྒྱས་དབང་དྲག་སོགས་ཀྱི་ལས་འགྲུབ་པ་དང་། སྔགས་ཀྱི་གྲངས་ཚད་ཟིན་པ་སོགས་ནི་ཕྲེང་བའི་སྤྱིའི་དགོས་ཆེད་ཡིན་ནོ། །
  གཉིས་པ་བྱེ་བྲག་གི་དགོས་ཆེད་ནི། གསང་སྔགས་དང་རིགས་སྔགས། གཟུངས་སྔགས་སོགས་སྔགས་ཀྱི་རིགས་དག་བགྲང་བའི་གྲངས་ཚད་འཛིན་པ་དང་། སྔགས་ཀྱི་དམ་ཚིག་དང་ལྡན་པའི་རྣལ་འབྱོར་བས་གཟུངས་སྔགས་བཟླ་བའི་དུས་མ་གཏོགས་ཕྲེང་བ་རང་དགར་མི་འདྲེན་ཞིང་། གཟུངས་སྔགས་ཀྱི་བསྙེན་འཛབ་ཁོ་ནར་སྤྱད་ན་སྔགས་ཀྱི་ནུས་པ་ཐོན་པ་དང་ལས་རྣམས་འགྲུབ་པ་ལ་གནད་དུ་ཆེ་བར་གསུངས་པ་དེའོ། །
གསུམ་པ་ཁྱད་པར་གྱི་དགོས་ཆེད་ནི། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དགོས་པ་དང་བཞི་ལས།
དང་པོ་ནི་གོང་དུ་བཤད་ཟིན་པའི་རྫས་ཀྱི་ཕྲེང་བ་དེ་དག་ལ་བྱེད་པ་དང་། གཉིས་པ་ནི་སྔགས་ཟླ་བའི་དུས་སུ་ཡས་མཆུ་མས་མཆུ་སྦྱོར་བ་ལ་བྱེད་པ་དང་། གསུམ་པ་ནི་སྔགས་ཟླ་བའི་དུས་ཀྱི་དབུགས་འབྱིན་རྔུབ་ལ་བྱེད་པ། བཞི་བ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་བ་ཉིད་སྤྲོས་པའི་མཚན་མ་ཉེ་བར་ཞི་བའི་རང་བཞིན་ཅན་ལ་བྱེད་པ་ཡིན་ནོ། །
   བཅུ་པ། ཕྲེང་བའི་ཕན་ཡོན།
ཕྲེང་བའི་ཕན་ཡོན་དག་གོང་གི་སྐབས་སུ་སོ་སོའི་ལུང་འདྲེན་དག་གི་ཞར་ལ་བཤད་ཟིན་མོད། འོན་ཀྱང་། གསར་སྐྱེས་ཀྱི་ཀློག་པ་པོ་རྣམས་ལ་ལྟ་བདེ་བའི་ཆེད་དུ་འདིར་ཡང་བསྐྱར་ཅུང་ཟད་ཟུར་དུ་བཤད་ན། མཚན་ཉིད་དང་ཆོ་ག  དམ་ཚིག་དང་ལྡན་པའི་ཕྲེང་བ་འཆང་ན་ནི་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་སྤྱི་དང་བསྐྱེད་རྫོགས་དང་། གང་བསྒྲུབ་ཀྱི་ལྷ་རྣམས་འགྲུབ་པ་ལ་ཐེ་ཚོམ་མེད་ལ། མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་ཐོབ་པ་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་སོགས་ས་དབང་ཆེན་པོའི་གོ་འཕང་ཐོབ་པ་དང་། འབྱུང་པོ་གདུག་པ་ཐམས་ཅད་དབང་དུ་བྱེད་པ། གསེར་དངུལ་སོགས་ཟང་ཟིང་གི་སྒྱུ་མའི་ནོར་ལོངས་སྤྱོད་ཀྱིས་ཕྱུག་པོར་འགྱུར་བ་དང་། ཚེ་རིང་བ་། ནད་མེད་པ། གཟུགས་མཛེས་ཤིང་རྒ་བ་མེད་པ། གདོན་དང་གནོད་པ་ཐམས་ཅད་ཞི་བར་འགྱུར་བ་དང་། མཁའ་འགྲོའི་ཚོགས་འུད་ཞིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་པ། གཞན་ཡང་ཕྲེང་བའི་རྒྱུ་སོ་སོར་ཕན་ཡོན་མཐའ་ཡས་པ་རེ་ཡོད་དེ། བྱུ་རུས་བསོད་ནམས་འཕེལ་བ། རིན་ཆེན་རིགས་ཀྱི་ཕྲེང་བས་མཛེས་པ། དུང་གིས་སྲོག་འཚོ་ཞིང་ཚེ་རིང་བར་བྱེད་པ། མུ་མེད་གྱིས་ནད་མེད་པར་བྱེད་པ། ལྕགས་ཀྱིས་སྔགས་བཟླས་པའི་ཕན་ཡོན་ཉིས་འགྱུར། ཟངས་ཀྱིས་བཞི་འགྱུར། མུ་ཏིག་གིས་བརྒྱ་འགྱུར། རུ་དྲཱཀྵ་ཡིས་བྱེ་བ། དངུལ་གྱིས་འབུམ་འགྱུར། པདྨས་བྱེ་བ་བརྒྱ་འགྱུར། བྷོ་དེ་ཙིས་གྲངས་མེད་དུ་འགྱུར་བར་གསུངས་པ་དང་། ལྷག་པར་དུ་རྒྱུད་དུ་མ་ནས་བསྟན་པའི་ༀཔ་དེ་པ་དེ་མ་ཧཱ་པ་དེ་ཛྙ་ན་སརྦ་མ་ཧཱ་བྷཱ་བེ། ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ། ཨཱཿ་སྭ་ཧཱ་ཞེས་པའི་དེ་ཉིད་གསལ་བའི་སྔགས་འདིས་ཕྲེང་བ་སྦྱངས་ཤིང་བྱིན་གྱིས་བརླབས་ན་ཕྲེང་བ་དེས་བསྒྲུབ་བྱའི་ལྷ་ཐམས་ཅད་འགྲུབ་པ་དང་། ཞི་རྒྱས་དབང་དྲག་གི་ལས་རྣམས་འགྲུབ་པ་དང་། ཏིང་འཛིན་མི་གསལ་བ་གསལ་བར་བྱེད་པ། བསྒོམ་བྱའི་བསྐྱེད་རྫོགས་ཀྱི་ཡེ་ཤེས་དག་མ་འདྲེས་པར་སོ་སོར་འཆར་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་བོ། ། 
  • ལེ་ཚན་སྔོན་མ།:རྣམ་བཅུ་དབང་ལྡན་གྱི་མཚོན་དོན།
  • ལེ་ཚན་རྗེས་མ།:བོད་གངས་ཅན་གྱི་ལྗོངས་སུ་གཡུང་དྲུང་བོན་གྱི་བསྟན་པ་སྔ་དར་ཟེར་ན་གང་རེད།
  • དོ་སྣང་ཆེ་བའི་རྩོམ།