རྒྱ་གླིང་གི་སྐོར་རོབ་ཙམ་བཤད་པ།

ལྷ་རྩེ་ཁུ་ཁྱུག        2019-02-22

རྒྱ་གླིང་གི་སྐོར་རོབ་ཙམ་བཤད་པ།

དང་པོ། རྒྱ་གླིང་གི་བྱུང་བ་བརྗོད་པ།

དེ་ཡང་ས་པཎ་གྱིས། རོལ་མོའི་ཆ་ལ་མཁས་གྱུར་ན།། ཚོགས་ཀྱི་ནང་ནས་རྒྱན་ལྟར་མཛེས།། ཞེས་གསུངས་པ་ལྟར་རོལ་མོའི་བྱེ་བྲག་རྒྱ་གླིང་གི་བྱུང་རབས་འདི་ཡང་ཤིན་ཏུ་མཁོ་བ་ཡིན་ཕྱིར་ཅུང་ཟད་གླེང་ན། དང་པོ་རྒྱ་གླིང་འདི་བྱུང་སྟངས་ཐད་ནས་བཤད་ཚུལ་འདྲ་མིན་ཅི་རིགས་ཤིག་སྣང་སྟེ། མཁས་པ་ལ་ལས་ཡུལ་རྒྱ་རོང་ནས་བྱུང་བས་རྒྱ་གླིང་དུ་གྲགས་ཞེས་དང་། སྐོར་ཞིག་གིས་རྒྱ་ནག་ནས་དར་བར་ཡང་བཤད། རྒྱ་ནག་གི་སི་ནཱ་ལ་དཔེར་བྱས་ཏེ་བོད་རང་གིས་ཁྱད་ཆོས་ཅན་ཞིག་བཟོས་པ་ཡང་སྲིད་པ་རེད། ཡང་ལ་ལས་བཤད་ན་རྒྱ་གར་དང་ལ་དྭགས་ཕྱོགས་ནས་དར་བའི་སུར་ཎ་ལས་བོད་ཀྱིས་རྒྱ་གླིང་འདི་གསར་བཟོ་བྱས་པ་ཡང་བཤད། གང་ལྟར་རྒྱ་དཀར་ནག་གཉིས་ལས་བྱུང་བའི་རོལ་མོ་གཉིས་དང་བསྡུར་ན་འུ་ཚོའི་རྒྱ་གླིང་འདི་དབྱིབས་སོགས་གང་ཐད་ནས་ཁྱད་པར་ཆེན་པོ་འདུག མཁས་པ་འགའ་ཞིག་གིས་གཞི་གླིང་བུ་རིགས་སུ་གཏོགས་ཤིང་རོལ་མོའི་ཁ་རྒྱ་ཆེ་བས་ན་རྒྱ་གླིང་ཞེས་འབོད་སྲོལ་ཡོད་ཅེས་གྲགས། རོལ་མོ་མཁས་པ་ཞིག་གིས་གལ་སྲིད་རྒྱ་གླིང་འདི་གཞན་ནས་བོད་ལ་བྱུང་བ་ཞིག་ཡིན་ན་བྱུང་ས་རྒྱ་གར་ཡིན་ནའང་ཆོག་སྟེ་འུ་ཚོའི་ཆོས་དང་རིག་གཞུང་གི་ཁོངས་རྒྱ་གར་ཡིན་པས་འབྲེལ་ཆེ་བ་ཞིག་ནི་རེད་ཅེས་གསུངས། རོལ་མོ་འདི་ལོ་རབས་དང་དུས་རབས་ནམ་ཙམ་ལ་དར་ཡོད་མེད་ནི་བཤད་དཀའ་ཡང་། དཔྱད་ན་བོད་ལ་རྒྱུད་སྡེའི་གར་འཆམ་དང་དཀྱིལ་འཁོར་སྒྲུབ་པ། གཏེར་ཆོས་སྣ་ཚོགས་ཀྱི་གདངས་དབྱངས་རྟ་ཆོག་ཕྲན་དར་བ་ནས་རྒྱ་གླིང་འདི་ཡང་རོལ་མོ་གཞན་དག་འདྲ་བར་དམངས་ཀྱི་རོལ་མོ་ལས་དགོན་སྡེའི་མཆོད་པའི་རོལ་ཆས་གྲས་སུ་བཙུད་པར་སྣང་།

རྒྱ་གླིང་གི་སྐོར་རོབ་ཙམ་བཤད་པ།

གཉིས་པ། གདན་ས་སྐྱོ་བྲག་གི་རྒྱ་གླིང་འབུད་སྲོལ་མིང་བརྗོད་པ།

རྒྱ་གླིང་ནི་རོལ་ཆའི་རིགས་ཀུན་ལས་སྙན་འགྱུར་ཕུན་སུམ་ཚོགས་པ་ཞིག་ཡིན་གཤིས་བོད་ཀྱི་ཆོས་རྒྱུད་དང་དགོན་པ་རེ་ལ་མཐོང་བ་བརྒྱུད་པའི་ཕྱག་སྲོལ་འདྲ་མིན་སྣ་ཚོགས་རེ་ཡོད་པ་བཞིན་དུ་འབའ་རོམ་བཀའ་བརྒྱུད་ཀྱི་གདན་ས་སྐྱོ་བྲག་དགོན་པའི་རྒྱ་གླིང་འབུད་སྲོལ་གྱི་རྣམ་གྲངས་ནི།རྗེ་བཙུན་ཆོས་གླིང་། སྐུ་གཞོག་ཆིབས་གོང་། འགྲོ་དྲུག་ཡར་འདྲེན། ཆུ་བོ་སྒྲ་དབྱངས། རྒྱ་མཚོ་གླིང་།རྫོགས་སར་མ་ལེའུ་དྲུག རྫོགས་རྒན་མ་ལེའུ་ལྔ། པཎ་ཆེན་གར་གླུ། གར་གླུ། གར་རྒན་མ། སྤྱན་འདྲེན།ཚོགས་རྒྱག ལྷག་རྒྱག བཀྲ་ཤིས། ཁང་སར་དྲུག་འགྱུར་སོགས་ཡོད།

རྒྱ་གླིང་གི་སྐོར་རོབ་ཙམ་བཤད་པ།

གསུམ་པ། གདན་ས་དཔལ་སྤུངས་ལུགས་ཀྱི་རྒྱ་གླིང་མིང་སོགས་བརྗོད་པ།

གཞུང་འབུད་བཅུ་གསུམ་ནི།

རྗེ་བཙུན་ཆོས་གླིང་ལྷུ་གཉིས། རྫོགས་རྒན་མ་ལྷུ་བཞི། རྫོགས་གསར་མ་ལྷུ་ལྷག་བཅས་པ་ལྷུ་ལྔ། གར་རྒན་མ་ལྷུ་གཉིས། སྒར་ཆེན་གར་གླུ་ལྷུ་གཉིས། ཁྲོམ་འབུད་བཀྲ་ཤིས་ལྷ་རྩེ་ལྷུ་གཉིས། རྒྱལ་གླུ་ལྷུ་གསུམ། ཆོས་སྐུ་སྐྱེ་མེད་ལྷུ་གསུམ། རྒྱ་མཚོ་གླིང་མ་ལྷུ་གསུམ། ཨ་ཅོ་གླིང་མ་ལྷུ་གསུམ།བྱིན་འབེབས་སྟོབས་བཅུ་གླིང་མ་ལྷུ་གསུམ། ལྷག་འབུད་ལྷུ་གཉིས། བཀྲ་ཤིས་ལྷུ་བཞི་བཅས་སོ།།

ཟུར་འབུད་དྲུག་པ་ཁག་ནི།

བཀྲ་ཤིས་གར་གླུ་ལྷུ་གསུམ། མཁའ་འགྲོ་གར་གླུ་ལྷུ་གཉིས། མཛུབ་སྟབས་ཀྱང་ཟེར། རྗེ་བཙུན་ཆོས་གླིང་དྲུག་པ། གུང་གྲལ་ཡང་ཟེར། ཆོས་སྐུ་སྐྱེ་མེད་དྲུག་པ། རྒྱ་མཚོ་གླིང་མ་དྲུག་པ། ཨ་ཅོ་གླིང་མ་དྲུག་པ། ཚེས་བཅུའི་སྐབས་ཀྱི་བཛྲ་གུ་རུ་ལྷུ་གསུམ་རྣམས་སོ།།


རྒྱ་གླིང་གི་སྐོར་རོབ་ཙམ་བཤད་པ།

བཞི་པ། གཞན་དག་གི་ལུགས་ཟུར་ཙམ་བརྗོད་པ།

གཞན་ཡང་སྔ་འགྱུར་རྙིང་མའི་ལུགས་ལས་སྨིན་གྲོལ་གླིང་སོགས་སུ་རྒྱལ་སྲས་བསྟན་པའི་ཉི་མ་ལ་མཁའ་འགྲོས་གནང་བ་ལྷ་མོ་ཆེ་ཆུང་གཉིས། ཁྲ་ཆེན་ཁྲ་ཆུང་གཉིས། རྒྱ་འབུད་བལ་འབུད་གཉིས། བླ་མ་རྒྱང་འབོད་དང་བདུན་དུ་གྲགས་པ་སོགས་མང་བ་བཞིན་གཞན་དག་གི་ལུགས་ནི་ཤིན་ཏུ་མང་བས་སྨྲ་བའི་རྔོ་མ་ཐོགས་སོ།།

ལྔ་པ། སྐྱོ་བྲག་གདན་སའི་རྒྱ་གླིང་གི་ཁུངས་བརྗོད་པ།

སྐྱོ་བྲག་དགོན་པའི་རྒྱ་གླིང་འབུད་སྲོལ་འདི་དག་གི་ཁུངས་ནི་གསལ་པོ་མ་ཤེས་ཀྱང་རྗེ་བཙུན་ཆོས་གླིང་། རྫོགས་སར་མ་དང་། རྫོགས་རྒན་མ། རྒྱ་མཚོ་གླིང་འདི་དག་དཔལ་སྤུངས་ནས་འབུད་སྲོལ་དར་ཞིང་། དང་པོ་སི་ཏུ་པདྨ་ཉིན་བྱེད་ལ་ཉམས་སྣང་ལས་འཁྲུངས་པ་ཞིག་ཡིན་པར་གྲགས། རྗེས་སུ་སྐྱོ་བྲག་ལའང་དར་བ་ཡིན་ངེས། ལ་ལ་ནི་སྐྱོ་བྲག་གི་གྲུབ་ཆེན་རྣམས་ཀྱི་ཉམས་སྣང་ལས་བྱུང་ཞིང་།སྐོར་ཞིག་ནི་ཀརྨ་པའི་སྒར་ཆེན་འཛམ་གླིང་རྒྱན་གཅིག་གི་སྐབས་སུ་དར་བ་ཡིན་ཤས་ཆེ། དཔལ་སྤུངས་རྒྱ་གླིང་བྱུང་བ་ལ་དཔག་ཅིང་།གནའ་དུས་སྐྱོ་བྲག་དང་དཔལ་སྤུངས་དགོན་པ་འབྲེལ་ཟབ་ཆེ་ཞིང་། སྐྱོ་བྲག་གསལ་བྱེད་རིན་པོ་ཆེའི་སྐུ་ཕྲེང་དྲུག་པ་རོང་ཆུང་གསལ་བྱེད་མཁས་པར་གྱུར་ནས་དཔེ་ཆ་གཟིགས་སའང་དཔལ་སྤུངས་ནས་ཡིན་པ་སོགས་དང་། རྒྱ་གླིང་མང་ཤོས་ཀྱང་མིང་གཅིག་པ་དང་། མཛུབ་མོ་ལེན་སྟངས་དལ་བྲེལ་ཙམ་ལས་མང་ཤོས་གཅིག་པ་རེད། གནའ་ནས་སྐྱོ་བྲག་དགོན་པས་དཔལ་རྒྱག་རྫོགས་སར་མ་སོགས་འབུད་སྲོལ་ཡང་ཡོད། ཆུ་བོ་སྒྲ་དབྱངས་དང་། རྒྱ་མཚོ་གླིང་སོགས་ནི་དབྱངས་ཀྱི་འགྱུར་ཁུག་ལས་མིང་བཏགས་ཤིང་། འགྲོ་དྲུག་ཡར་འདྲེན་སོགས་ནི་རྟེན་འབྲེལ་གྱི་སྒོ་ནས་བཏགས་པ། གར་གླུ་སོགས་ནི་གར་འཆམ་གྱི་ལྡེམ་འགྲོས་དང་མཐུན་པའི་སྒོ་ནས་བཏགས་པ། རྗེ་བཙུན་ཆོས་གླིང་།སྐུ་གཞོག་ཆིབས་གོང་སོགས་ནི་བླ་མ་བསུ་སྐྱེལ་དང་འབྲེལ་བའི་མིང་ཡིན་ནམ་སྙམ།


རྒྱ་གླིང་གི་སྐོར་རོབ་ཙམ་བཤད་པ།

དྲུག་པ། རྒྱ་གླིང་ལ་དབུགས་སོགས་ཀྱི་དབུགས་སྲང་བརྗོད་པ།

རྒྱ་གླིང་འབུད་དུས་དབུགས་སྐོར་གྱིས་དང་པོ་འདུར། ལམ་འགྲོས། རྩེ་ཕྱེད། རྩེ་ལེན་བཅས་ལ་འདུས་པ་ཞིག་ཡིན། དང་པོ་འདུར་དང་ལམ་འགྲོས་སྐབས་སུ་དབུགས་སྙོམ་ཞིང་ལྷོད་དགོས། རྩེ་ཕྱེད་དང་རྩེ་ལེན་སྐབས་སུ་དབུགས་ཤུགས་ཆེ་ཙམ་དང་མཐོ་ཙམ་དགོས་པ་རེད། རྒྱ་གླིང་བུ་ག་ལ་མཛུབ་མོ་འཇོག་སྟངས་དང་མཛུབ་མོས་བརྡབ་སྟངས། སིབ་ཆུང་ལེན་སྟངས་དང་ཕུ་སྲང་ཕྱེ་སྟངས་སྐོར་ལ་ཚད་ངེས་ཅན་གྱི་བྱང་ཆ་མེད་ན་རྒྱ་གླིང་གཉིས་འགྲིག་དཀའ་ཞིང་། སྐད་མི་སྙན་པ་སོགས་འབྱུང་བ་རེད། རྒྱ་འབུད་གཉིས་ཀ་ལ་དབུགས་ཀྱི་སྲང་དང་མཛུབ་མོ་ལ་བྱང་ཆ་ཡོད་ན་མཚན་སྨག་རུམ་ནང་ནས་བླ་མའི་གཟིམ་གླིང་དང་ཞོགས་པ་བྱར་གླིང་འབུད་ཚེ་ཡང་མི་གཅིག་གིས་འབུད་པ་ཇི་བཞིན་འགྲིག་ཅིང་སྙན་པ་ཡིན།

དེ་ཡང་ས་པཎ་རོལ་མོའི་བསྟན་བཅོས་ལས། དེ་ལ་ཕོ་སྒྲ་བརྗིད་པ་སྟེ།། མོ་ཡི་སྒྲ་ནི་སྙན་པ་འབྱུང་།། མ་ནིང་སྒྲ་ནི་བཙུན་པ་ཡིན།། དེ་བཞིན་ཕོ་སྒྲ་གསལ་ལ་ངར།། མོ་ཡི་སྒྲ་ནི་ཕྲ་ཞིང་འདར།། མ་ནིང་འགྱུར་ཞིང་མཉེན་པ་དགོས།། གསུངས་པ་ལྟར་རྒྱ་གླིང་གི་འདུར་ནི་ཕོ་སྒྲ་ཡིན་ཏེ་སྐད་བརྗིད་ཅིང་སྦོམ་པ། རྩེ་ཕྱེད་སྐབས་ཀྱི་སྐད་ནི་མ་ནིང་ཡིན་ཏེ་འགྱུར་ཞིང་མཉེན་པ། རྩེ་ལེན་ནི་མོ་སྐད་ལྟ་བུ་ཡིན་ཏེ་འདར་ཞིང་ཕྲ་བ་སོགས་དང་མཐུན་པ་ཞིག་དགོས་པ་རེད།

བདུན་པ། རྒྱ་གླིང་འབུད་པའི་དུས་ཚོད་བརྗོད་པ།

ས་པཎ་རོལ་མོའི་བསྟན་བཅོས་ལས། དཀོན་མཆོག་མཆོད་ཕྱིར་འདུས་པ་དང་།། ཕན་ཚུན་བལྟ་ཕྱིར་འདུས་པ་དང་།། ཕུན་སུམ་ཚོགས་པ་མཐོང་བའི་ཚེ།། མཁས་པས་རོལ་མོ་བརྩམས་པར་བྱ།། ཞེས་གསུངས་པ་བཞིན་དུ་དགོན་པས་རྒྱ་གླིང་གཙོ་བོ་སྐུ་གསུང་ཐུགས་རྟེན་དང་བླ་མ་ཚུར་དགོན་ནང་ལ་གདན་འདྲེན་པ་དང་། ཕར་ལ་ཕེབས་སྐྱེལ། སེར་འཕྲེང་བསྒྲིགས་དུས། འཚོགས་ཆེན་སྐབས་སུ་ནངས་ནུབ། ཁྲོམ་དབང་སྐུར་དུས། གར་འཆམ་སྐབས་དང་། རི་བསྟོད་པ་སོགས་ལ་འབུད་སྲོལ་ཡོད་ཅིང་། དུས་མཆོད་ཆེན་མོའི་སྐབས་སོགས་སུ་བཀྲ་ཤིས་དགུ་བརྩེགས་དང་། བདུན་བརྩེགས། ལྔ་བརྩེགས། རྒྱག་རྐྱང་བར་དང་། གནས་རི་རྣམས་མ་བསྟོད་པའི་སྔོན་དུ་ཡུལ་ལྷ་གཞི་བདག་ལ་སྙན་གསན་དབབ་ཅེས་ཞོགས་པར་རྒྱ་གླིང་ཚར་གསུམ་འབུད་པ་སོགས། གོ་རིམ་དང་ཚད་གཞི་ལྡན་པ་ལས། གང་བྱུང་དུ་འབུད་ཆོག་པ་ཞིག་མ་རེད། དགོན་པའི་འཚོགས་ཆེན་ནས་སྒྲུབ་ཁང་དང་། མགོན་ཁང་ཡུལ་སྡེའི་སྤྱི་རིམ་སོགས་ཆོ་ག་དང་ཆོག་ཕྲན་དཀྱིལ་འཁོར་གང་འདྲ་ཞིག་ཡིན་ནའང་།དཀྱིལ་འཁོར་གྱི་གོ་རིམ་བཞིན་རྒྱ་གླིང་ཡང་འབུད་སྲོལ་ཡོད་དེ། དང་པོ་སྔོན་འགྲོ་ལ་རྗེ་བཙུན་ཆོས་གླིང་དང་། ལྷ་ཚོགས་སྤྱན་འདྲེན་སྐབས་སུ་སྤྱན་འདྲེན་རྒྱ་གླིང་དམིགས་བསལ་འབུད་ཅིང་། ཚོགས་ལ་ཐུག་དུས་ཚོགས་རྒྱག། ལྷག་མ་ལ་ལྷག་རྒྱག། བཀྲ་ཤིས་ལ་བཀྲིས་འབུད་དགོས། ཞི་རྒྱས་སོགས་ལས་དྲག་པོའི་རིགས་ལ་འབུད་སྲོལ་མེད།སྐྱོ་བྲག་ནས་རྒྱ་གླིང་འབུད་ཡུན་རིང་ཤོས་ནི་བདེ་མཆོག་ལྷ་བསྐྱེད་དང་། ཚེས་བཅུའི་ཟིལ་གནོན་གཏུམ་རྔམ། དགུ་ཆེན་ཤྭ་འཆམ། ཁྲོམ་དབང་སོགས་ལ་ཡིན་ཞིང་། མདོར་ན་ཉ་དུས་མཆོད་དབང་དང་གར་འཆམ་ལ་དད་ལྡན་འདུས་པའི་དུས་ལ་འབུད་པ་ཡིན།

བརྒྱད་པ། རྒྱ་གླིང་གི་དབྱིབས་བཀོད་བརྗོད་པ།

ཁ་བོ་ཆེ་དང་། མདའ་འམ་བར་ཤིང་། ཁྲི་སྐེ། ཕུ་སྟེགས། པི་ཟངས། འདམ་པི་བཅས་ཆ་ཤས་དྲུག་ལ་གྲུབ་ཡོད། དེ་ཡང་ཁ་བོ་ཆེ་ནི་དུང་དམར་གྱི་ཁ་དང་འདྲ་སེ་ལ་དངུལ་སོགས་ལ་གསེར་ཚགས་ཀྱི་པ་ཊས་མཛེས་པ། མདའ་འམ་བར་ཤིང་ནི་རྒྱུ་སྟར་ཤིང་དང་། སེང་ལྡིང་། ཙན་དན་དམར་པོ་སོགས་ལ་བྱས་པ། མདུན་དུ་མཐེབ་མིག་བདུན་དང་། རྒྱབ་ཏུ་གཅིག མཐེབ་མིག་སོ་སོའི་བར་ན་དངུལ་ལྕུགས་གསེར་གྱིས་བརྒྱན་པའི་ཕྲ་ཚོམས་ལ་བྱུ་རུ་དང་གཡུ་ཡིས་སྤྲས་པ། ཁྲི་སྐེ་ནི་གསེར་དངུལ་སོགས་ལས་གྲུབ་པའི་ཚེ་བུམ་མམ་པདྨ་ཁ་འབུས་དབྱིབས་ལ་ནོར་སྣའི་ཕྲ་རྒྱན་བརྒྱབ་པ། ཕུ་སྟེགས་ནི་དབྱིབས་སྒོར་ཞིང་ལེབ་པ་རྒྱུ་དངུལ་ལས་བྱས་པ། པི་ཟངས་ནི་རྒྱུ་དངུལ་དང་ཟངས་རག་ཅི་རིགས་པ། འདམ་པི་ནི་རྒྱ་གླིང་དབུགས་འགྲོ་སའི་བུ་གར་བསྐོན་རྒྱུ་འདམ་རྩའི་རྐང་ལས་བཟོས་པ་ཞིག་ཡིན།

དགུ་པ། རྒྱ་གླིང་ལ་ཆོས་སྲུང་ཞུགས་ཚུལ་བརྗོད་པ།

དཔལ་སྤུངས་དགོན་པའི་རྒྱ་གླིང་དངུལ་སྤྲུག་མ་ལ་ཚེ་རིང་མཆེད་ལྔ་དངོས་སུ་བསྟིམས་པས་ལེགས་ཉེས་དང་། ལ་ཉེ་བཟང་ངན་སོགས་ཀྱི་མཚན་མ་བརྟག་རྒྱུ་ཡོད་པར་བཤད། རྒྱ་གླིང་བཙོག་པ་དང་རྐང་པས་བགོམས་པ་སོགས་བྱས་ན་རྒྱ་འབུད་ལག་པ་སོགས་ལ་གློ་བུར་གཟེར་ལངས་ཤིང་། རྒྱ་གླིང་ཁྱོན་ནས་སྐད་མེད་པ་སོགས་བྱུང་བ་དོན་དངོས་ཡིན། རྒྱ་གླིང་ལས་འབུད་མཁན་ཕན་ཚུན་བར་དུ་རིམས་ནད་མི་འགོ་བ་སོགས་དགེ་མཚན་ཅི་བས་མང་། གནའ་དུས་གཟུངས་སྔགས་བཟླས་ཏེ་བུས་ན་སྐད་ཐོས་པ་ལ་ཕན་ཡོན་མང་རབས་ཀྱང་རྒས་པའི་ངག་རྒྱུན་ཡོད་པ་རེད།

བཅུ་པ། རྒྱ་གླིང་དང་རང་གི་མི་ཚེའི་འབྲེལ་བ་བརྗོད་པ།

བོད་ཀྱི་དགོན་སྡེ་ཡོངས་རྫོགས་བསྟན་པ་ཡང་དར་གྱི་སྐབས་སུ་ཕ་མེས་ཀྱི་ཆོས་བརྒྱུད་འབའ་རོམ་བཀའ་བརྒྱུད་ཀྱི་དགོན་སྡེ་སྐྱོ་བྲག་གསལ་བྱེད་རིན་པོ་ཆེ་ངའི་ཕ་ཡུལ་ལ་བྱོན་ནས་དབང་བསྐུར་དུས་ཐེངས་དང་པོར་ངས་རྒྱ་གླིང་གི་སྙན་འགྱུར་གོ་བ་ཡིན། བྱིས་པའི་ལུས་སེམས་ཡོངས་རྫོགས་རྒྱ་གླིང་སྙན་འཇེབས་ཀྱི་དྲུག་འགྱུར་ཐོག་ལ་ཤོར། དེ་ནས་བཟུང་ཆུང་བྱིས་པའི་རྩེད་མོའི་སྐབས་སུ་རྒྱ་གླིང་འབུད་སྟངས་ལ་ལད་མོ་ཁོ་ན་བྱས། རིམ་གྱིས་ཡུལ་གྱི་སྤྱི་རིམ་དང་། སྐྱོ་བྲག་དགོན་པའི་རྒྱབ་རི་ཆབ་བསྟི་བྲག་དཀར་བསྟོད་སར་སོང་ནས་རྒྱ་གླིང་ལ་སེམས་ཤོར། ཐ་ན་རྨི་ལམ་ནང་ནས་རྒྱ་གླིང་བུས་པ་མང་དུ་རྨིས། མཚམས་ཤིག་ནས་རང་ཡང་སྐྱོ་བྲག་དགོན་པའི་གྲལ་དུ་ཞུགས་ཏེ་རོལ་མོ་ཀུན་ལས་རྒྱ་གླིང་ལ་དགའ།དེ་ནས་དགེན་བེར་ཚ་ཕྱག་དགའི་མདུན་ནས་མཛུབ་བརྡབ་སོགས་སློབ་པའི་སྐལ་བ་བྱུང་། དུང་དམར་ལ་ཆེད་སྦྱངས་བྱས།དཔལ་སྤུངས་དགོན་དུ་བཀའ་དྲིན་ཅན་མཁན་པོ་དིལ་ཆུང་བློ་ཆོས་ཞབས་པད་བསྙེན་དུས་དཔལ་རྒྱག་ལ་སྦྱངས་ཤིང་གསོལ་ཀ་སོགས་ལ་བུས་པ་ཡིན།དེ་མཚམས་རང་དགོན་དུ་ལོ་གསུམ་བཞི་ཞིག་ལ་གཞུང་གི་ཚོགས་ཆེན་སྐབས་སུ་རྒྱག་འབོད་རྩེ་གྲའི་ནང་དུ་བསླེབས་ཏེ་ཡུན་རིང་རྒྱག་འབུད་བྱས། ཚེ་སྒྲུབ་ཁྲོམ་དབང་ཞིག་ལ་མཆེད་གྲོགས་དཔལ་ལྡན་འགྱུར་མེད་ངེད་གཉིས་ཀྱིས་དུས་ཚོད་གསུམ་ཙམ་ལ་དབུགས་ཀྱིས་འདང་པ་སོགས་རྒྱ་གླིང་གི་རྨི་ལམ་མངོན་དུ་གྱུར་པ་ཡིན་ནོ།།

གང་ཞིག་བསླབས་ཤིང་ཆེད་དུ་མ་སྦྱངས་ན།།

ཧོལ་རྒྱུག་ཙམ་གྱིས་གནད་ཀ་མི་ཤེས་པས།།

རང་གིས་སྦྱངས་པའི་ཤེས་བྱའི་ཡན་ལག་ཀུན།།

འབད་པས་བཤད་འདི་ཁོ་བོའི་ལས་སུ་མཐོང་།།

 

ནོམ་ཆེན་ནོར་གྱི་ཡོང་སྒོ་མི་བྱེད་ཅིང་།།

ཆེན་པོ་དགྱེས་པའི་ལས་ཀྱང་མ་ཡིན་པས།།

གཞན་གྱིས་དོར་ཡང་ཁོ་བོས་སྒྲུག་པ་འདི།།

སོ་སོའི་དགའ་ཕྱོགས་ཙམ་ལས་ཅི་ཡང་མིན།།

 

རྒས་རབས་གསེར་གྱི་ཉི་འོད་ནུབ་ལ་ཕྱོགས།།

གཞོན་ནུ་མནོག་ཆུང་བྱ་བས་ཉིན་མཚན་གཡེངས།།

མཐོང་བ་བརྒྱུད་པའི་ཕྱག་བཞེས་མང་པོ་ཞིག།

མི་མཐོང་དབྱིངས་སུ་ཡལ་ལ་ཤིན་ཏུ་ཕངས།།

རྩོམ་སྒྲིག་པ། མགར་རྒྱལ་སྲས། 


  • ལེ་ཚན་སྔོན་མ།:མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱི་ལྟ་བ་གལ་ཆེན་ཞིག
  • ལེ་ཚན་རྗེས་མ།:༄༅།། མདོ་ཁམས་ཀྱི་དགོན་པ་ཁ་ཤས་དགེ་ལུགས་པར་ཇི་ལྟར་འགྱུར་ཚུལ་སྐོར་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།