རྡོ་སྦིས་ཚེ་རིང་རྒྱལ། 2019-05-14
དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་མཆོག་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཐོག་གི་ངེས་པ་དོན་གྱི་གཞུང་ལུགས་རབ་འབྱམས་སྨྲ་བ་དང་། མཚན་ཉིད་པ་ཆེན་པོ། བསམ་བློ་པ་ཆེན་པོ། སྙན་ངག་པ་ཆེན་པོ་ཞིག་ཡིན་ཞིང་། ལྷག་པར་དུ་ཞྭ་སེར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་འཆད་རྩོད་རྩོམ་པའི་ལས་ལ་གཞན་དྲིང་མི་འཇོག་ཅིང་དམ་ཚིག་གཙང་མའི་ཚུལ་ཁྲིམས་རང་གི་སྲོག་ལྟར་གཅེས་པའི་རྗེ་བློ་བཟང་གྲགས་པའི་རིང་ལུགས་པ་འབའ་ཞིག་ཡིན། ཁོང་གི་ལོ་རྒྱུས་རྣམ་ཐར་འདིའི་ཕྱོགས་ལ་ཆེད་དུ་བྲིས་ཡོད པའི་ལོ་རྒྱུས་དང་། རྣམ་ཐར། མཛད་པ། ཕྱིར་དྲན་རིགས་ཀྱི་དཔེ་དེབ་ཁག་ཏུ་རགས་རིམ་ཙམ་བཀོད་ཡོད་པ་འདུག་མོད། འོན་ཀྱང་ཕྱི་ནང་གི་ཡིག་ཆ་མང་པོ་ཞིག་གི་ནང་དུ་དོན་དག་སྔ་ཕྱི་གོ་རིམ་འཆོལ་བ་དང་ལོ་ཚིགས་ཕན་ཚུན་མི་མཐུན་པའི་སྐྱོན་ཆེན་པོ་འདུག་པས། འདིར་ཁོ་བོས་དམ་པ་ཁོང་གི་རྒྱལ་ཁབ་ཕྱི་ནང་དུ་བཞུགས་པའི་འབྲེལ་ཡོད་རྣམ་ཐར་ལོ་རྒྱུས་ཀྱི་ཉེར་མཁོའི་ཡིག་ཆ་གང་དག་ཕན་ཚུན་གཤིབ་བསྡུར་ཐོག་ད་ལྟ་སྐུ་འཚོ་བཞུགས་ཡོད་པའི་དམ་པ་ཁོང་གི་བུ་སློབ་ཁ་ཤས་ཀྱི་ས་ནས་རྩད་གཅོད་ཞིབ་འཇུག་སྒོས་སྐུ་ཉིད་ཀྱི་དགུང་ཚིགས་སྔ་ཕྱིའི་གོ་ རིམ་མ་འཁྲུག་པའི་ལོ་རྒྱུས་བསྡུས་པ་ཞིག་ཅི་བདེར་འགོད་པ་དང་། དེ་མིན་དམ་པ་ཁོང་ཉིད་ཀྱི་བརྩམས་ཆོས་ཀྱི་ལོ་རྒྱུས་དང་གནས་བབ་ལ་འབྲེལ་ཏེ་ད་ལྟ་བརྩམས་ཆོས་གཙོ་བོ་གང་དག་བཞུགས་ཡོད་པར་རྟོག་དཔྱོད་སྒོས་དེ་དག་སོ་སོ་རིགས་དབྱེའི་དཀར་ཆག་ཏུ་འགོད་རྒྱུ་ཡིན།
དང་པོ། དགེ་བཤེས་རིན་པོ་ཆེ་མཆོག་གི་ལོ་རྒྱུས་མདོར་བསྡུས།
དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་མཆོག་གི་མཚན་གཞན་ལ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་། ལྷ་རམས་པ་དགེ་བཤེས་ཤེས་རབ་རྒྱ་མཚོ། ཀླུ་འབུམ་དགེ་བཤེས་ཤེས་རབ་རྒྱ་མཚོ། ལེགས་སྦྱར་གྱི་སྐད་དོད་དུ་པྲ་ཛྙྰ་ས་ར།ཀུན་བཤད་ཀྱི་མཚན་ལ་འཇམ་དཔལ་དགྱེས་པའི་བློ་གྲོས་ཞེས་འབོད། ཁོང་ནི་བོད་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་སྤྲེལ་ལོའི་ས་ག་ཟླ་བའི་ཡར་ངོ་སྤྱི་ལོ་1 884 ལོར་མདོ་སྨད་རྡོ་སྦིས་ཡུལ་གྱི་ཧོར་གྲོལ་བ་(ལ་ལས་ཧོར་སྤྲེལ་ཞེས་འབྲི) ཞེས་པའི་གྲོང་ཚོར་ཡབ་ལྷ་ལུང་སྐྱབས་དང་ཡུམ་ལྷ་ལུང་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཕྲ་དུས་མཚན་ལ་རྡོ་རྗེ་འབོད། དགུང་ལོ་ལྔའི་སྟེང་རྡོ་སྦིས་གྲྭ་ཚང་དགའ་ལྡན་འཕེལ་རྒྱས་གླིང་དུ་ཞུགས། དགུང་ལོ་བདུན་གྱི་སྟེང་ནས་རྡོ་སྦིས་གྲྭ་ཚང་དུ་ལྷ་རམས་པ་ནོར་བུ་རིན་པོ་ཆེའི་དྲུང་ནས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་ཤེས་རབ་རྒྱ་མཚོ་གསོལ། སུམ་པ་ལྷ་རམས་པ་ཐོགས་མེད་རིན་པོ་ཆེ་དང་ལྕང་ཤར་མཆོག་སྤྲུལ་རིན་པོ་ཆེ་ཐུབ་བསྟན་དགེ་འདུན་དཔལ་བཟང་པོ་གཉིས་ཀྱི་མདུན་ནས་ཡི་གེ་ཕྲལ་སྦྱོར་ཀློག་དང་འདོན་ཆོས་སོགས་ལེགས་པར་སྦྱངས། དགུང་ལོ་བཅོ་ལྔའི་སྟེང་ནས་སྙན་ངག་འབྲི་འགོ་བརྩམས་ཤིང་ཀུན་གྱིས་གདེང་འཇོག་མཐོན་པོ་གནང་། དགུང་ལོ་བཅུ་དྲུག་སྟེ་བོད་རབ་བྱུང་བཅོ་ལྔ་པའི་ས་མོ་ཕག་སྤྱི་ལོ་1899ལོར་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་བླ་བྲང་ བཀྲ་ཤིས་འཁྱིལ་གྱི་ཐོས་བསམ་གླིང་དུ་ཞུགས། 《གསོལ་འདེབས་ཡིད་ཀྱི་གདུང་སེལ་》ལས། བཅུ་དྲུག་པ་མདོ་སྨད་འཛིན་མའི་རྒྱན། །བཀྲ་ཤིས་འོ་མའི་མཆོད་ཡོན་འབུམ་འཁྱིལ་བར། །སྔོན་བསགས་བསོད་ནམས་ལྷ་ཡི་འཕྲུལ་གྱིས་དྲངས། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་ འདེབས། །①ཞེས་པ་དང་། ཡང་《གསོལ་འདེབས་ཡིད་ཀྱི་གདུང་སེལ་》ལས། ཟླ་གསུམ་ཙམ་ལ་གྲུབ་མཐའ་གདོང་ལྔའི་དབྱངས། །བསེ་བསྡུས་བློ་རྟགས་འགྲེལ་ཆུང་བྱང་བར་བཟུང་། །སྨོན་ལམ་ཆེན་མོར་ཚོགས་ཀྱི་རྒྱུགས་སུ་ཕུལ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། ཞེས་པ་ལྟར། །བླ་བྲང་བཀྲ་ཤིས་འཁྱིལ་ནས་སྔ་གཞུག་ཏུ་ཨ་ཁུ་གུང་ཐང་བློ་གྲོས་ཚང་དང་། དགེ་བཤེས་ཆེན་པོ་ཐེ་དཀོན་མཆོག་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག སྒོ་མང་རིན་པོ་ཆེ་ཚུལ་ཁྲིམས་རྒྱ་མཚོ་སོགས་མཁས་གྲུབ་སྡེ་སྣོད་འཛིན་པ་གང་དག་རང་གི་བླ་མར་བསྟེན་ཏེ་ཚད་མ་ཀུན་བཏུས་དང་། ཚད་མ་རིགས་ཐིགས། ཚད་མ་རྣམ་ངེས་ཀྱི་འགྲེལ་བ། དབུ་མ་འཇུག་པ། དབུ་མ་འགྲེལ་ཆེན། མངོན་རྟོགས་རྒྱན། འདུལ་བ་མདོ་རྩ། འདུལ་བ་རྒྱ་མཚོའི་སྙིང་ཐིག རྒྱན་སྟུག་པོ་བཀོད་པའི་མདོ་སོགས་གཞུང་མང་པོར་འཚོ་བ་ངན་ངོན་ཙམ་ལ་བསྟེན་ནས་ཐུགས་བརྩོན་ལྷོད་མེད་ཀྱིས་སློབ་གཉེར་གནང་ཞིང་རྒྱན་འཇུག་སོགས་ཀྱི་བཀའ་ཆོས་ལྗགས་ལུང་མང་དུ་གསན། ཁྱད་པར་དུ་ཨ་ཁུ་གུང་ཐང་བློ་གྲོས་ཚང་གི་མདུན་ནས་དགེ་སློང་གི་སྡོམ་པ་བཞེས་ཤིང་། སྐབས་དེར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུགམཆོག་གིས་ཁོང་ཉིད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་ཡིག་ཚང་གི་དྲུང་ཡིག་ཆེན་མོར་འཇོག་རྒྱུའི་ཐུགས་བཀོད་ཆེ་མོད།ཨ་ཁུ་གུང་ཐང་བློ་གྲོས་མཆོག་གིས་སྐུ་ཉིད་ཀྱི་ཤེས་རབ་ཕུན་སུམ་ཚོགས་པར་དགོངས་ནས་དབུས་གཙང་ཆོས་ཀྱི་ལྗོངས་སུ་ཕེབས་ནས་གྲྭ་ས་ཆེན་པོ་འགྲིམ་ན་རྗེས་སོར་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་ཕན་བདེ་སྒྲུབ་པར་ཕན་ཐོགས་ཆེན་པོ་ཡོང་བ་ཞིག་ཏུ་འགྱུར་བར་དགོངས་ནས་བརྩེ་བ་ཆེན་པོས་སྐུལ་མ་ནན་ཆེར་གནང་བ་ཡང་། 《གསོལ་འདེབས་ཡིད་ཀྱི་གདུང་སེལ།》 ལས། ཐུབ་པའི་ཞལ་སྐྱིན་བློ་བཟང་ཚུལ་ཁྲིམས་པས། །ཐུབ་པའི་བསྟན་ལ་འཛམ་གླིང་རྒྱན་དྲུག་བཞིན། །ཐུབ་པའི་གདུང་འཚོབ་དམ་པར་ལེགས་གཟིགས་ནས། །ཐུབ་བསྟན་རོལ་མཚོ་འགྲིམ་ན་ལེགས་ཞེས་གསུངས་། །དེ་ལྟར་ལུང་བསྟན་མཆོག་གི་དར་བོ་ཆེ། ། དེ་བཞིན་མི་ལྡོག་དད་བརྩོད་ལྷག་བསམ་གྲུ། །དེ་མཐུན་བྱིན་རླབས་རླུང་དང་ཉེར་འགྲོགས་ཏེ། །དེ་མ་ཐག་ཏུ་ཆོས་ཀྱི་ལྗོངས་སུ་བསྐྱོད།། ② ཞེས་པ་ཇི་བཞིན། དགུང་ལོ་ཉེར་གཅིག་སྟེ་བོད་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་འབྲུག་སྤྱི་ལོ་1904ལོར་དབུས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་དགོན་དུ་ཞུགས་ཤིང་སྒོ་མང་གྲྭ་ཚང་ཀླུ་འབུམ་ཁམས་ཚན་ནས་སློབ་གཉེར་གནང་། སོག་པོའི་དགེ་བཤེས་མཆོག་གྲུབ་དཀར་པོ་དང་རྒྱལ་དབང་སྐུ་ཕྲེང་གསུམ་པའི་ཡོངས་འཛིན་དར་མདོ་བླ་མ་འབུལ་སྡུད་རིན་པོ་ཆེ་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་གཙོ་བྱེད་པའི་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་མང་པོའི་ཞབས་ལ་གཏུགས་ཏེ་དབུ་མ་དང་། མངོན་པ་མཛོད། འདུལ་བའི་སྡེ་སྣོད། ཚད་མ་རིགས་ཐིགས་སོགས་མདོ་ སྔགས་རིག་གནས་ཡོངས་ཆར་རྡོ་རུས་ཐུག་པའི་སློབ་གཉེར་ནམ་ཡང་མི་ལྷོད་པར་གནང་། ལྷག་པར་དུ་བླ་མ་འབུལ་སྡུད་རིན་པོ་ཆེའི་དྲུང་ནས་ནང་དོན་རིག་པ་དང་སྒྲ་རིག་པའི་ཕྱོགས་ཀྱི་གཞུང་ཁྲིད་མང་དུ་གསན་ཞིང་།འཇམ་དཔལ་དགྱེས་པའི་བློ་གྲོས་ཞེས་ཀུན་བཤད་ཀྱི་མཚན་གསོལ། དགུང་ལོ་སོ་གསུམ་སྟེ་བོད་རབ་བྱུང་བཅོ་ལྔ་པའི་མེ་ཕོ་འབྲུག་སྤྱི་ལོ་1916ལོར་དམིགས་བསལ་གྱིས་ལྷ་རམས་པ་འཕར་མའི་མཚན་བཏགས་བྱུང་བ་དང་། ནོར་བུ་གླིང་གའི་རྩོད་རྒྱུགས་ཚེ་ཨང་དང་པོ་ཐོབ། དེ་མིན་ལོ་དེར་རྩེ་གཟིམ་ཆུང་དུ་ཚོགས་ལངས་དམིགས་བསལ་ཅན་ཐོབ་པ་དང་། ལྷ་སའི་སྨོན་ལམ་ཆེན་མོའི་སྐབས་རྩེ་དྲུང་ཡིག་ཆོས་དར་ལགས་ནས་ལྷ་རམས་པའི་དམ་བཅའ་ཨང་དང་པོ་བསྒྲིགས་སྐབས་ཏཱ་ལའི་བླ་མའི་བཀའ་ལུང་བཞིན་ལྷ་རམས་པ་ཨང་དང་པོའི་མཚན་བཏགས་བྱུང་ཞིང་། ཀླུ་འབུམ་དགེ་བཤེས་ལྷ་རམས་པ་ཤེས་རབ་རྒྱ་མཚོ་ཞེས་ཁོང་གི་མཚན་སྙན་མདོ་དབུས་ཁམས་གསུམ་གང་ས་གང་དུ་ཁྱབ། དེ་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་བཀའ་ཡིག་ཕེབས་དོན་བཞིན་ནོར་བུ་གླིང་ག་ནས་བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་ཀྱི་གསུང་འབུམ་དཔར་གཞི་གསར་བཞེངས་ཀྱི་ཞུ་དག་གནང་བའི་འགན་ཁུར་དུ་མ་བསམ་རྒྱན་དུ་བསམ་ནས་དུས་ཡུན་ལོ་ངོ་དྲུག་ཙམ་གྱི་རིང་གསུང་འབུམ་པོ་ཏི་ཉེར་དགུའི་དཔར་གཞི་གསར་བཞེངས་ཀྱི་ཞུ་དག་ལེགས་པར་གྲུབ། དེའི་རྗེས་མུ་མཐུད་དུ་ཏཱ་ལའི་བླ་མའི་བཀའ་ལུང་བཞིན་ནོར་བུ་གླིང་ག་ནས་ལོ་ངོ་བརྒྱད་ཀྱི་རིང་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་དཔར་གཞི་གསར་བཞེངས་ཀྱི་ཞུ་དག་གནང་། དགུང་ལོ་ང་གསུམ་སྟེ་བོད་རབ་བྱུང་བཅུ་དྲུག་པའི་མེ་ཕོ་བྱི་སྤྱི་ལོ་ 1936 ལོར་རྒྱལ་དམངས་སྲིད་གཞུང་གི་ཙུང་ཐུང་ཅང་ཅེ་ཧྲི་ནས་གྲོང་ཁྱེར་ནན་ཅིན་དུ་གདན་འདྲེན་ནན་ཞུ་གནང་བ་དགེ་བཤེས་རིན་པོ་ཆེ་མཆོག་སྐུ་འཁོར་ཧྲག་བསྡུས་དང་བཅས་ཕེབས། རིན་པོ་ཆེ་ཚང་ནང་སར་བཞུགས་རིང་སྔ་རྗེས་སུ་ཀྲུང་དབྱང་སློབ་གྲྭ་ཆེན་མོ་དང་། པེ་ཅིན་སློབ་གྲྭ་ཆེན་མོ། ཆིན་ཧྭ་སློབ་གྲྭ་ཆེན་མོ། ལྦུ་ཧན་སློབ་གྲྭ་ཆེན་མོ།ཀྲུང་ཧྲན་སློབ་གྲྭ་ཆེན་མོ་སོགས་རྒྱལ་བཙུགས་སློབ་གྲྭ་ཆེན་མོ་ལྔ་དང་། ཧྲང་ཧེའི་བྱང་ཆུབ་ཆོས་ཚོགས།③དེ་བཞིན་དུ་ནང་སའི་གྲོང་ཁྱེར་ནན་ཅིན་དང་། ཁྲིན་འདུ། ཁྲུང་ཆིན། ཤིས་ཨན་སོགས་སུ་གདན་འདྲེན་ཞུས་ངོར་བོད་ཀྱི་རིག་གནས་སྤྱིའི་རྣམ་གཞག་སྐོར་གྱི་སློབ་ཁྲིད་དང་། རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་གཙོ་བྱེད་ཀྱི་སྐྱབས་འགྲོ་དང་། ལམ་གཙོ། གྲུབ་མཐའ་སོགས་བོད་བརྒྱུད་ནང་བསྟན་ཆོས་ལུགས་སྐོར་གྱི་བཀའ་ཆོས་ཐེངས་མང་གནང་། བཅིངས་འགྲོལ་བཏང་རྗེས། དགེ་བཤེས་རིན་པོ་ཆེ་ཚང་གིས་སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། ཀྲུང་གོའི་ནང་བསྟན་སློབ་གླིང་གི་སློབ་སྤྱི་སོགས་ཀྱི་འགན་བཞེས་ཏེ་ཆོས་དང་སྲིད་ཀྱི་ཕྱག་ལས་མང་པོ་མཛད། ད་དུང་སྔ་རྗེས་སུ་འབར་མ་དང་། བལ་པོ། རྒྱ་གར། སུའུ་ལེན། སུ་ལེ་ཏུན། སིང་ག་ལ། ཀམ་པོ་རྫ་སོགས་རྒྱལ་ཁབ་སོ་སོ་ནས་གདན་ཞུ་འབྱོར་བར་ཕེབས་ཏེ་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་ཕན་བདེའི་འགྲོ་དོན་རྒྱ་ཆེར་མཛད། དེ་མིན་མདོ་སྨད་ཀྱི་གནས་ཆེན་ཁག་ལ་གཟིགས་བསྐོར་དང་འབྲེལ་ཆོས་སྲིད་དགེ་ལེགས་ཀྱི་གྲུ་ཆར་འབུམ་དུ་འཇོ་བའི་སླད་གང་ཉིད་ཞབས་བཅགས་ཀྱིས་དགོན་གནས་ཁག་ལ་མཆོད་སྤྲིན་དང་། གསེར་ཆབ། རབ་གནས། ཁྲུས་གསོལ། འདུས་སྡེར་མང་འགྱེད། སྤྱི་འབུལ། ཐེབས་སྦྱོར་སོགས་གང་ཅིའི་སྲི་ཞུ་གྱ་ནོམ་དང་འབྲེལ་གདུལ་བྱ་སོ་སོའི་འདུན་མོས་བཞིན་དབང་ལུང་མན་ངག་མདོ་སྔགས་བཅས་ཀྱི་ཟབ་ཁྲིད་སོགས་ཆོས་དང་སྲིད་ཀྱི་ལུགས་གཉིས་རྒྱ་ཆེར་བསྐྱངས། མཐར་དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུའི་ནང་བྱུང་བའི་ཀྲུང་གོའི་ལོ་རྒྱུས་ཐོག་གི་ཡ་ང་བའི་གྲལ་རིམ་འཐབ་རྩོད་ཀྱི་རླུང་ནག་ཁྲོད་དགེ་བཤེས་རིན་པོ་ཆེ་ཁོང་ལ་གྲལ་རིམ་གྱི་ཞྭ་མོ་གཡོགས་ཏེ་མ་ཉེས་ཁ་གཡོགས་དང་ཉེས་མེད་སྐྱོན་འཛུགས་སྒོས་དགུང་གྲངས་གྱ་ལྔ་སྟེ་བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་སྤྲེལ་སྤྱི་ལོ་1968 ལོའི་ཟླ་11པའི་ཚེས་1ཉིན་མདོ་སྨད་ཟི་ལིང་ནས་དགོངས་པ་རྫོགས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། ཏང་གི་དངོས་ཐོག་བདེན་འཚོལ་གྱི་ལམ་ཕྱོགས་ཡང་དག་པ་སླར་གསོ་བྱས་པ་དང་། ཏང་གི་མི་རིགས་དང་ཆོས་ལུགས་ཀྱི་སྲིད་ཇུས་ཡང་དག་པ་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་བསྟུན་ནས་དགེ་བཤེས་རིན་པོ་ཆེར་མ་ཉེས་ཁག་གཡོག་བྱས་པ་དེ་དག་སེལ་དཀར་འདོན་མཐར་ཕྱིན་བྱས་ཤིང་། མཚོ་སྔོན་མི་དམངས་སྲིད་གཞུང་གིས་1979ལོའི་ཟླ་10ཚེས་6ཉིན་ཟི་ལིང་གྲོང་ཁྱེར་དུ་མྱ་ངན་ཞུ་བའི་ཚོགས་ཆེན་གཟབ་རྒྱས་འཚོགས་ཏེ་ཁོང་གི་སྐུ་ཚེ་གང་བོའི་མཛད་རྗེས་ལ་དྲང་པོ་དང་ཚད་མཐོན་པོའི་གདེང་འཇོག་བྱས་པ་རེད།
གཞན་ཡང་། དགེ་བཤེས་རིན་པོ་ཆེ་ཚང་གི་བུ་སློབ་ཏུ་གྱུར་བ་ནི་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་ཕུ་ཁང་བ་བློ་བཟང་ཚུལ་ཁྲིམས་དང་། སྲས་ཀྱི་ཐུ་བོ་ལྷ་རམས་པ་སྐལ་བཟང་རྒྱ་མཚོ། སྒོ་མང་མཁན་ཆེན་ཆོས་འཕེལ་རྒྱལ་པོ། དགེ་བཤེས་གཞོང་པ་ཚུལ་ཁྲིམས། དགེ་འདུན་ཆོས་འཕེལ། ཧོར་ཁང་བསོད་ནམས་དཔལ་འབར། དགོན་གསར་ཐུབ་བསྟན་འཇིགས་བྲལ། ཀུན་གླིང་བློ་བཟང་རྒྱལ་མཚན། ང་ཕོད་ངག་དབང་འཇིགས་མེད། ཟུར་ཁང་སྲས་དབང་ཆེན་དགེ་ལེགས། ལྕང་ལོ་ཅན་སྲས་བསོད་ནམས་རྒྱལ་པོ། སྡེ་དགེ་སྲས་སྐལ་བཟང་དབང་འདུས། ཚ་རོང་ཟླ་བཟང་དགྲ་འདུལ།རྩིས་དཔོན་ཁེ་སྨད་པ་ཚེ་རིང་དོན་འགྲུབ། སླེའུ་ཤར་ཐུབ་བསྟན་ཐར་བ། བཀྲ་ཤིས་རྒྱ་མཚོ། བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ། དགེ་བཤེས་གྲགས་པ་རྒྱ་མཚོ། ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ། གསུང་རབ་རྒྱ་མཚོ། བློ་བཟང་རྡོ་རྗེ། རྒྱ་རིགས་དོན་གཉེར་ཅན་ལིས་ཏན།(黎丹)ལོ་ཙཱ་བ་བློ་བཟང་ཆོས་འཕགས།(法尊)ཀྲོའོ་ཕུའུ་ཁྲུའུ།(赵朴初) བྱང་ཆུབ་དྲི་བཟང་། (杨质夫) སྐལ་བཟང་བྱང་ཆུབ། (陈木天) ཆོས་འཕེལ་འཇིགས་མེད།(欧阳无畏) བུའུ་ཅིན།(吴钧)སོགས་དང་། གཞན་ད་དུང་དགེ་བཤེས་རིན་པོ་ཆེ་ཁོང་ལ་ཆོས་འབྲེལ་ཡོད་པ་ནི་སྤོམ་མདའ་སྟོབས་རྒྱས་དང་། བྱ་རྒོད་སྟོབས་ལྡན། ཀུན་གླིང་ལྡེ་འཆང་བསྟན་པ་དབང་ཕྱུག དཔྱི་ས་བློ་གྲོས་རྒྱ་མཚོ། སྐུ་གཞོགས་ཨ་རོལ་སྐུ་ཕྲེང་གསུམ་པ་ལུང་རྟོགས་བསྟན་པའི་རྒྱལ་མཚན་སོགས་མང་པོ་ཡོད། ད་དུང་ཁོང་གི་ གསུང་འབུམ་དུ་འཁོད་པའི་རང་གི་གམ་ན་མོ་ལྔ་ཞེས་པ་སྟེ། ཆོས་དཔལ་རྒྱ་མཚོ་དང་། བསོད་ནམས་མཆོག་ལྡན། ཁིས་དམར་བཀྲ་ཤིས་རྒྱ་མཚོ། ཧོར་སྤྲེལ་ཕུན་ཚོགས་ཤེས་རབ། དགུ་རུའི་བཀྲ་ཤིས་རྒྱ་མཚོ་ལྔ་དང་། གཞན་སྐལ་ལྡན་དོན་གཉེར་ཅན་དགེ་བཤེས་རིན་པོ་ཆེའི་གསུང་རྩོམ་དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་པོད་གསུམ་པོའི་རྩོམ་སྒྲིག་འགན་ཁུར་བ་གྲགས་པ་དང་སེ་ཆང་འཕྲིན་ལས་སོགས་ཡོད།
གཉིས་པ། དགེ་བཤེས་རིན་པོ་ཆེ་མཆོག་གི་བརྩམས་ཆོས་ཀྱི་སྐོར།
དགེ་བཤེས་རིན་པོ་ཆེའི་བརྩམས་ཆོས་ནི་གཙོ་བོ་རྟོགས་བརྗོད་དང་། རྣམ་ཐར། དགག་ཡིག བསླབ་བྱ། གཞུང་འགྲེལ། བསྟོད་པ། གསོལ་འདེབས། ཆབ་ཤོག དཀར་ཆག བློ་སྦྱོང་། བཅའ་ཡིག་གནས་བཤད། བསང་མཆོད། ཞལ་འདོན། ལོ་ཙཱ། དཔྱད་གཏམ་སོགས་ཀྱི་ལམ་ནས་བོད་ཀྱི་རིག་གནས་སྤྱིའི་ཕྱོགས་གཏོགས་ལོ་རྒྱུས་དང་། ཆོས་ལུགས། རིག་གནས། རྩོམ་རིག བརྡ་སྤྲོད་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་སྐོར་གྱི་གསུང་རྩོམ་པོ་ཏི་བཅུ་ཕྲག་ལྷག་མཛད་ཡོད་པར་གྲགས་པ་རྒྱུ་རྐྱེན་སྣ་ཚོགས་དབང་གིས་མེད་བརླགས་སུ་ཚབས་ཆེན་ཐེངས་གསུམ་བཏང་པ་སྟེ། ཐེངས་དང་པོ་ནི་སྤྱི་ལོ་1937ལོར་དགེ་བཤེས་རིན་པོ་ཆེ་མཆོག་རྒྱལ་དམངས་སྲིད་གཞུང་གི་གདན་ཞུ་ལྟར་ནང་སའི་གྲོང་ཁྱེར་ནན་ཅིན་དུ་བཞུགས་རིང་བར་སྐབས་ཤིག་པེ་ཅིན་དུ་གདན་ཞུས་བཞིན་བོད་ཀྱི་རིག་གནས་སྐོར་གྱི་བཀའ་ཁྲིད་དུ་ཕེབས་དུས་ལོའུ་ཀུག་ཟམ་པའི་དུས་འགྱུར་( 卢沟桥事变)བྱུང་བ་དང་ཁེལ་བས་པེ་ཅིན་ནས་ལོ་ངོ་སུམ་ཅུ་ལྷག་རིང་ཁ་བྲལ་བའི་རང་གི་ཕ་ཡུལ་རྡོ་སྦིས་སུ་ཕེབས། འོན་ཀྱང་སྟབས་མ་ལེགས་པར་གྲོང་ཁྱེར་ནན་ཅིན་གྱི་ཀན་ཆིན་ཉིན་ཚོམས་ཁང་(甘青宁馆) དུ་ཡོད་པའི་དགེ་བཤེས་རིན་པོ་ཆེ་མཆོག་གི་གཟིམ་ཁང་ལ་འཇར་པན་གྱི་མེ་སྒྱོགས་ཀྱི་གཏོར་བཤིག་ཐེབས་པས་ཁོང་ཉིད་ལྷ་ས་ནས་ ལོ་ངོ་སུམ་ཅུ་སོ་གཉིས་ཙམ་བཞུགས་རིང་གསོག་ཉར་བྱས་པའི་དཔྱད་གཞིའི་ཡིག་ཆ་མང་པོ་དང་རང་གི་གསུང་རྩོམ་གྱི་མ་ཕྱི་རྩ་ཆེན་མང་པོ་མེད་བརླག་ཏུ་ཤོར། ཐེངས་གཉིས་པ་ནི་སྤྱི་ལོ་1950ལོར་དགེ་བཤེས་རིན་པོ་ཆེ་མཆོག་ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་གྱི མཚན་ཐོག་ནས་སྐུ་འཁོར་ཧུག་བསྡུས་ཀྱི་འཁོར་དང་བཅས་གྲོང་ཁྱེར་ཤིས་ཨན་ནས་བསྡུས་པའི་ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུར་ཞུགས་ཏེ་ཕྱིར་ཕེབས་ལམ་དུ་གྲོང་ཁྱེར་ལན་ཀྲོའུ་ཡི་ནུབ་བྱང་མགྲོན་ཁང་ཆེན་མོར་(西北大)བཞུགས་སྐབས་སྟབས་མ་ ལེགས་པར་མགྲོན་ཁང་ལ་མེ་སྐྱོན་ཤོར་ཏེ་ནམ་རྒྱུན་རང་དང་མཉམ་དུ་བསྣམས་ཡོད་པའི་ཕྱག་དཔེ་རྩ་ཆེན་སྐོར་ཞིག་མེད་བརླགས་བྱུང་། ཐེངས་གསུམ་པ་ནི་དགེ་བཤེས་རིན་པོ་ཆེ་མཆོག་གི་པེ་ཅིན་གྱི་བཞུགས་གནས་དགའ་ལྡན་བྱིན་ཆགས་གླིང་གི་ཉེ་ཆར་ཡོད་པའི་རྗེ་གླིང་ཚང་ ( 济龙仓)དུ་ཁོང་གིས་ལོ་མང་པོར་གསོག་ཉར་བྱས་པའི་དཔེ་ཆ་རྩ་ཆེན་མང་པོ་དང་རང་གིས་མཛད་པའི་《གསུང་ཐོར་མེ་ཏོག་སྟོང་གི་རི་བོ》དང་། 《ཡང་ཐོར་པད་མའི་གེ་སར་》སོགས་བཞུགས་ཡོད་པ་དེ་དག་དང་། ཁོང་ཉིད་ཀྱི་དགོན་པ་རྡོ་སྦིས་གྲྭ་ཚང་དགའ་ལྡན་འཕེལ་རྒྱས་གླིང་གི་སྐུ་ཉིད་ཀྱི་ནང་ཆེན་དུ་བཞུགས་པའི་དཔེ་ཆ་རྩ་ཆེན་རྣམས་“རིག་གནས་གསར་བརྗེ་ཆེན་པོའི་”སྐབས་སུ་བོར་ བརླག་བྱུང་། ད་ལྟ་བཞུགས་ཡོད་པ་ནི་གཙོ་བོ་དགེ་བཤེས་རིན་པོ་ཆེའི་སྲས་ཀྱི་ཐུ་བོ་ལྷ་རམས་པ་སྐལ་བཟང་རྒྱ་མཚོ་ལགས་ནས་རིན་པོ་ཆེའི་གསུང་རྩོམ་མཐོར་བསྡུས་མཛད་ཡོད་པའི་ནང་ཚན་གྱི་གསུང་རྩོམ་རིང་ཐུང་འདྲ་མིན་ཉིས་བརྒྱ་དང་དྲུག་ཅུ་ལྷག་ཕྱོགས་བསྡུས་ཀྱིས་དགེ་བཤེས་རིན་པོ་ཆེའི་གསུང་སྐྱེས་སྐལ་ལྡན་དོན་གཉེར་ཅན་ཟུར་ཁང་སྲས་དབང་ཆེན་དགེ་ལེགས་ཀྱིས་སྦྱིན་བདག་མཛད་དེ་སྤྱི་ལོ་1954ལོར་མཚོ་སྔོན་ཟི་ལིང་གསར་བྱུང་ཁང་ནས་པར་དུ་བསྐྲུན་པའི་《 རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་》ཞེས་པའི་དཔེ་ཆ་སྣ་རིང་པོ་ཏི་གཉིས་ཡོད་པ་གང་ཞིག་གཞིར་བཟུང་ནས། སྤྱི་ལོ་1984ལོར་སྐབས་དེའི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་མགོ་གཙོ་སངས་རྒྱས་སྐྱབས་ལགས་ཀྱི་གཟིགས་སྐྱོང་འོག་དགེ་བཤེས་རིན་པོ་ཆེའི་དངོས་སློབ་གྲགས་པ་དང་འཕྲིན་ལས་གཉིས་ཀྱིས་རྩོམ་སྒྲིག་འགན་ཁུར་བགྱིས་ཐོག་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《 རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་》④ པོད་དང་པོ་དང་། པོད་གཉིས་པ། པོད་གསུམ་པ་བཅས་དཔེ་ཆ་གསུམ་ཡིན་པ་དང་། སྤྱི་ལོ1979ལོར་དེ་མོ་ངག་དབང་དགེ་ལེགས་ཀྱིས་རྩོམ་འགན་འཁུར་ཏེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་ནས་《 རྗེ་བཙུན་ཤེས་རབ་རྒྱ་མཚོའི་གསུང་འབུམ》ཞེས་པ་པར་དུ་བསྐྲུན་ཡོད།། འདིར་དགེ་བཤེས་རིན་པོ་ཆེའི་གསུང་རྩོམ་གཙོ་བོ་གང་ཡོད་རིགས་དབྱེ་སྟེ་དཀར་ཆག་ཏུ་བཀོད་ན།
(1)རྟོགས་བརྗོད་རྣམ་ཐར་གྱི་སྐོར། 《དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རྟ་ཚག་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་ངག་དབང་ཐུབ་བསྟན་བསྐལ་བཟང་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་རྣམ་པར་ཐར་བ་བསམ་འཕེལ་ནོར་བུའི་བང་མཛོད》 (སྤྱི་ལོ་1926ལོར་ནོར་བུ་གླིང་གའི་གཟིམས་གསར་ཡང་སྟེང་བདེ་སྐྱིད་མཐོང་སྨོན་ནས་མཛད།) 《ཨ་རོལ་སྐུ་ཕྲེང་གསུམ་པ་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར།》 (སྤྱི་ལོ་1948ལོར་བྲག་དཀར་སྤྲེལ་རྫོང་ནས་མཛད་པ་རྩོམ་འཕྲོར་ལུས་ཏེ་ད་ལྟ་ལག་སོན་མ་བྱུང་།) 《 གུང་ཐང་བློ་གྲོས་རྒྱ་མཚོའི་རྟོགས་པ་བརྗོད་པ་ཉི་མ་འོད་ཟེར་བརྒྱ་པའི་སྙིང་པོ》 (སྤྱི་ལོ་1948 ལོར་ནན་ཅིན་ནས་མཛད།) 《 རྗེ་ཙོང་ཁ་པའི་རྣམ་ཐར་མདོར་བསྡུས་ཚིགས་བཅད་བཅུ་བདུན་པ་》 (སྤྱི་ལོ་1950ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ནས་མཛད།) གཞན་ཡང་དགེ་བཤེས་རིན་པོ་ཆེ་ཚང་གིས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་ལ་རྣམ་ཐར་གྱི་ས་བོན་ཞིབ་རྒྱས་ཤིག་ཞུས་ནས་རྣམ་ཐར་ཁྱད་འཕགས་ཅན་ཞིག་རྩོམ་འདུན་ཤིན་ཏུ་ཆེ་མོད། ཁོང་སྐུ་ཚེ་རིང་པོ་མ་བཞུགས་པས་དེའི་སྟེང་མ་ཁེལ་པ་ཕངས་ཆེ་གསུངས།⑤
(2)དགག་ཡིག་གི་སྐོར། ད་ལྟ་བཞུགས་ཡོད་པའི་དགེ་བཤེས་རིན་པོ་ཆེ་ཚང་གི་གསུང་རྩོམ་ལས་དགག་ཡིག་གིས་གྲངས་ཚད་ངེས་ཅན་ཞིག་ཟིན་ཡོད་ལ། ཁོང་གི་དགག་ཡིག་ཀྱང་སྤྱིའི་ཆ་ནས་བོད་ཀྱི་མཚན་ཉིད་པའི་སྤྱི་སྲོལ་བཞིན་དང་པོ་དགག་ཡིག་རྩོམ་པར་ཞུ་མཁན་ཞིག་གིས་ནན་གྱིས་ཞུས་ངོར་དགག་བྱ་གང་ཞིག་ལ་རྗེས་སུ་སོང་བའི་གཞན་ལུགས་དགག་ཅིང་རང་ལུགས་འཐད་ལྡན་དུ་ལུང་རིགས་གཉིས་ཀྱི་སྒྲུབ་བྱེད་ཡོད་པའི་སྟེང་ནས་འཇོག་དགོས་པར་གོར་མ་ཆག བྱེ་བྲག་ཏུ་དགག་ཡིག་གི་བར་བར་དུ་ཀུན་སློང་དགེ་བས་ཕ་རོལ་པོར་ཤགས་འདེབས་ཤིང་སུན་འབྱིན་པའི་སྙན་ངག་གི་རྩོམ་ཉམས་ཕུན་སུམ་ཚོགས་པ་སྤྱད་ཡོད་ཅིང་།ཀློག་པ་པོ་གང་ཞིག་གིས་ཀློག་ཚེ་ངང་ངམ་ཤུགས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་ལས་ལ་འཇུག་པར་སྤྲོ་བ་བསྐྱེད་ཐུབ། 《གསོལ་འདེབས་མཐོང་བ་དོན་ལྡན》ལས། འཆད་པས་ཐོགས་མེད་སྐུ་མཆེད་དགྱེས་པ་བསྐྱེད། །རྩོད་པས་ཕྱོགས་གླང་ཆོས་གྲགས་འགྲན་པར་གྱིས། །རྩོམ་པས་དགེ་དབང་དཔའ་བོའི་སྙེམས་པ་འཕྲོག །ཤེས་རབ་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །ཞེས་པ་དང་། ཡང་《གསོལ་འདེབས་ཡིད་ཀྱི་གདུང་སེལ་》ལས། ཕས་རྒོལ་ལུང་རིགས་གནམ་ལྕགས་མཚོན་གྱི་ཆར། ། བཟོད་པར་དཀའ་བའི་ཀླན་ཀས་གཡོ་བ་མེད། །མི་འཇིགས་བཞི་ལྡན་སེང་གེའི་ང་རོ་བསྒྲགས། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །⑥ཞེས་པ་ལྟར། དགེ་བཤེས་རིན་པོ་ཆེ་མཆོག་གིས་མཛད་པའི་དགག་ཡིག་རྩོམ་རིག་གི་སྟེང་ནས་མཛད་པ་པོ་རང་ཉིད་ཀྱི་མི་གཤིས་དང་རྩོམ་གཤིས་གཉིས་ཆུ་དང་འོ་མ་བཞིན་དུ་མཐུན་སྦྱོར་དུ་འདྲེས་པས་ཡོངས་གྲགས་སུ་བོད་སྔ་མ་མཁས་གྲུབ་དགེ་ལེགས་དཔལ་བཟང་དང་། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ལ་སོགས་པའི་རྩོམ་གཤིས་ཀྱི་ཡོན་ཏན་ཡང་རང་བཞིན་དུ་ཐོན་ཡོད་པས་བོད་ཀྱི་རྩོམ་རིག་གསར་རྩོམ་ལོ་རྒྱུས་ཀྱི་ལག་ལེན་དངོས་ན་དེ་མཐུན་དུ་གོ་གནས་གལ་ཆེན་ཟིན་ཡོད་པ་སྨོས་མེད་དུ་གྲུབ། འདིར་ཁོང་གིས་མཛད་པའི་དགག་ཡིག་བརྩམས་ཆོས་ད་ལྟ་བཞུགས་ཡོད་པ་གང་དག་དུས་ཀྱི་སྔ་ཕྱིའི་གོ་རིམ་ལྟར་བཀོད་ན། རྗེའི་བླ་མའི་གསུང་རབ་ཀྱི་དོན་ལ་རྗེས་སུ་སོང་བའི་《 དོགས་པ་སློང་བའི་གཏམ》 ཞེས་པ་ཞིག་མཛད་ཡོད་པར་རང་གི་བླ་མ་དར་མདོ་འབུལ་སྡུད་རིན་པོ་ཆེས་ཡང་དང་ཡང་དུ་བསྐུལ་ངོར་ཆེད་དུ་དགག་ལན་དུ་མཛད་པའི་《དོགས་པ་སློང་བའི་གཏམ་ལ་ལན་གྱི་རྣམ་པར་གཞག་པ་དོགས་དོན་རབ་ཏུ་གསལ་བའི་མེ་ལོང་》ཞེས་པ་དང་《སྨྲ་བ་ངན་པ་རྣམ་པར་འཐག་པ་མི་ཤིགས་རྡོ་རྗེའི་ཐོག་མདའ》 ཞེས་བྱ་བ། 《ལོག་པར་སྨྲ་བ་ཚར་གཅོད་པའི་རལ་གྲི་རྣོ་ངར་འབུམ་ལྡན་》 (ནོར་བུ་གླིང་གར་བཞུགས་རིང་མཛད)བོད་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་སྤྱི་ལོ་1933ལོར་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀླུ་འབུམ་ཁམས་ཚན་ནས་“རང་གི་སློབ་བུ་གཞུང་ལུགས་དུ་མས་མགྲིན་པ་བརྒྱན་ཅིང་ཕྲ་ཞིབ་རྣམ་དཔྱོད་ཀྱི་རྩལ་དང་ལྡན་པ་དགེ་འདུན་ཆོས་འཕེལ་དང་། བསམ་གཏན་རྒྱ་མཚོ། མཁྱེན་རབ་རྒྱ་མཚོ་གསུམ་གྱིས་ནན་ཏན་ཆེན་པོས་ཡང་དང་ཡང་དུ་བསྐུལ་བ་དང་། གཞན་ཡང་ཆུ་ཐུབ་ཀྱི་རིགས་པ་སྨྲ་བ་དུ་མས་ལན་གཅིག་མ་ཡིན་པར་ཕུར་ཚུགས་སུ་བསྐུལ་བའི་ངོར།”⑦སྒེའུ་སྟེང་བློ་བཟང་དཔལ་ལྡན་ལགས་ལ་ཆེད་དུ《རྩོད་ཡིག་རིགས་པའི་གད་རྒྱངས་ལ་རྣམ་པར་དཔྱད་པ་བསྐལ་བའི་མེ་དཔུང་》ཞེས་བྱ་བ་མཛད། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་དང་གླིང་རིན་པོ་ཆེ་རྣམ་གཉིས་ཀྱིས། དགེ་བཤེས་རིན་པོ་ཆེའི་ཞལ་སློབ་དགེ་འདུན་ཆོས་འཕེལ་གྱིས་རང་གི་བུ་སློབ་ཤར་ཉག་པ་ཟླ་བ་བཟང་པོར་དབུ་མའི་ཞལ་ཁྲིད་མཛད་པ་གང་ཞིག་དགེ་འདུན་ཆོས་འཕེལ་ལགས་སྐུ་གཤེགས་ཁའི་ཞལ་བཀོད་ལྟར་ཟླ་བ་བཟང་པོའི་སྐབས་དེའི་ཟིན་བྲིས་ཐར་ཐོར་དུ་ཆགས་པ་ལེགས་སྒྲིག་ཀྱིས་བོདརབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་སྤྱི་ལོ་1951ལོར་ 《དབུ་མའི་ཟབ་གནད་སྙིང་པོར་དྲིལ་བའི་ལེགས་བཤད་ཀླུ་སྒྲུབ་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ》ཞེས་པའི་མཚན་ཐོག་ནས་ཤིང་པར་དུ་བཏབ་པར་དགག་ལན་ཞིག་འབྲི་དགོས་ཞེས་དགེ་བཤེས་རིན་པོ་ཆེ་ལ་ཡང་དང་བསྐྱར་དུ་བསྐུལ་ངོར་《 ཀླུ་སྒྲུབ་དགོངས་རྒྱན་ལ་ཆེ་ལོང་དུ་བརྟགས་པ་མི་འཇིགས་སེང་གེའི་ང་རོ》 ཞེས་བསྡོམས་པས་དཔེ་ཆ་པོ་ཏི་སྣ་རིང་ཤོག་ལྷེ་ཉིས་བརྒྱ་དང་ཉི་ཤུ་ཉེར་ལྔ་ཙམ་ཡོད་པ་ཞིག་བརྩམས། (ད་ལྟ་རྒྱལ་ནང་ནས་སྣ་རིང་ཤོག་ལྷེ་ཉིས་བརྒྱ་ཙམ་མ་གཏོགས་འཕྲོ་མ་ལག་སོན་མ་བྱུང་།) གཞན་ཡང་《 རྫོགས་ཆེན་བླ་མ་བསྟན་འཛིན་གྲགས་པའི་སྨོན་ལམ་བདུད་སྡེའི་ཚར་གཅོད་ལ་དགག་པ་འཕྲོ་ཅན》《རྫོགས་ཆེན་བླ་མ་བསྟན་འཛིན་གྲགས་པའི་གང་བློ་མའི་འགྲེལ་བ་ལ་འཇམ་པོར་བརྟག་པ་བཞུགས་སོ། 》《པདྨ་བཀོད་ཀྱི་གནས་ཡིག་སུན་འབྱིན་རྫུན་ནག་མུན་སེལ་སྒྲོན་མེ་》སོགས་ཡོད།
(3) བསླབ་བྱའི་སྐོར། 《བསླབ་བྱ་གནད་དོན་རབ་གསལ་ཉིན་མོའི་སྣང་བ།》《བསླབ་བྱ་ཀུན་བཟངམཆོད་པའི་སྤྲིན་ཕུང་》 《བསླབ་བྱ་འཕགས་མཆོག་འཇམ་དཔལ་དགྱེས་པའི་འཛུམ་ཟེར་》 《ཆོས་སྲིད་ལུགས་གཉིས་ཀྱི་གལ་གནད་ཆེ་ལོང་དུ་མཚོན་པ་ངོ་མཚར་གློག་གི་རོལ་རྩེད།》 《བསླབ་བྱ་དྲང་སྲོང་གི་བདེན་ཚིག་རེ་སྐོང་ནོར་བུའི་འཕྲུལ་འཁོར། 》 《བསླབ་བྱ་ཨ་རུ་རྣམ་པར་རྒྱལ་བའི་དགའ་ཚལ》 《བསླབ་བྱ་རང་བྱུང་ལྷའི་རྔ་བོ》 《བསླབ་བྱ་དཔྱོད་ལྡན་དགའ་སྐྱེད》 《བསླབ་བྱ་དཔྱོད་ལྡན་དགྱེས་པའི་གླུ་དབྱངས》 《བསླབ་བྱ་གནད་དོན་རབ་གསལ་ཉི་མའི་སྣང་བ》《འཇམ་མགོན་བླ་མའི་རིང་ལུགས་རྣམ་དག་གི་ལྟ་བའི་བསླབ་བྱ་》《ཤེས་རབ་དང་རྨོངས་པའི་དཔེ་མཚོན་ངོ་སྤྲོད》 《 རྡོ་སྦིས་གྲྭ་ཚང་ལ་གནང་བའི་བསླབ་བྱ་སོགས་》 《ཆོས་ཀྱི་བློ་གྲོས་ལ་གདམས་པ་ཟབ་དོན་རབ་གསལ》《མཁན་ཆུང་ཐུབ་བསྟན་བཟང་པོར་གནང་བའི་བསླབ་བྱ་》 《ཟུར་ཁང་སྲས་དབང་ཆེན་དགེ་ལེགས་ལ་གནང་བའི་བསླབ་བྱ་》 《དྲིས་ལན་དུ་བྱས་པ་ཕལ་གཏམ་སྨྱོན་པའི་བླ་རྡོལ》 《 ཡང་དག་པའི་གཏམ་དུ་བྱ་བ་པདྨ་དཀར་པོའི་གེ་སར་》 《གསང་སྔགས་རྡོ་རྗེ་ཐེག་པའི་བསླབ་བྱ་ཅུང་ཟད་ཅིག་གཏམ་དུ་བགྱིས་པ་མཁའ་སྤྱོད་ཌ་ཀི་དགྱེས་པའི་སྒྲ་དབྱངས》 《ཞི་བ་མཆོག་གི་ལམ་ལ་བློ་སྦྱོང་བའི་གཏམ་དུ་བགྱིས་པ་པདྨ་དཀར་པོའི་འཁྲི་ཤིང་》《གཟུར་གནས་མཁས་པའི་གཟིགས་མོ་འདོད་འཇོ་ནོར་བུའི་འཁྲི་ཤིང་》 《རྒྱུན་འཁྱེར་བློ་སྦྱོང་སྙིང་པོ》སོགས་ཡོད།
(4)གཞུང་འགྲེལ་གྱི་སྐོར། 《ཡོན་ཏན་གཞིར་གྱུར་མའི་བསྡུས་འགྲེལ་འཇམ་མགོན་བླ་མ་དགྱེས་པའི་མཆོད་སྤྲིན》《མཐའ་བྲལ་དབུ་མ་ཆེན་པོའི་གཤིས་ལུགས་ཅུང་ཟད་གཏམ་དུ་བགྱིས་པ་ཡང་དག་ལྟ་བའི་འོད་འབྱིན་》《འཇམ་དབྱངས་བླ་མ་རྗེ་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་མཛད་པའི་མཆོད་མེའི་སྨོན་ལམ་ཚིགས་སུ་བཅད་པ་གཅིག་པའི་དོན་རྣམ་པར་འགྲེལ་བ་བྱང་ཆུབ་ལམ་བཟང་གསལ་བའི་སྣང་བ》《ལམ་གཙོའི་སྔ་འགྲེལ་བློ་བཟང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་》《ཆོས་སྲིད་གྲུབ་མཐའ་སྣ་ཚོགས་ཀྱི་གཏམ་ཐོས་པ་དོན་ལྡན་བཀླགས་པའི་དོན་འགྲུབ》( སྐབས་དེའི་ཀྲུང་དབྱང་རྩོམ་སྒྱུར་ལས་ཁུངས་ཀྱི་ཀྲུའུ་རིན་སོག་པོ་སྲ་ཁོན་ལོ་ཡིས་རྩོམ་ཞུས་བྱས་ངོར་རྩོམ་འཕྲོ་ཅན་དུ་ལུས།)《ཀུན་གཟིགས་པཎ་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་གི་འབྲུ་བཤད་འདོད་འཇོ་ནོར་བུའི་མེ་ལོང་》 སོགས་ཡོད།
(5)བསྟོད་པའི་སྐོར། 《བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ།》 《བསྟོད་པ་བྱིན་རླབས་ཀྱི་གཏེར་མཛོད》 《སྐུ་འབུམ་བྱམས་པ་གླིང་ལ་བསྟོད་པ་འཇམ་མགོན་བླ་མ་དགྱེས་པའི་མཆོད་སྤྲིན》 《སྐྱབས་རྗེ་བླ་མ་རྡོ་རྗེ་འཆང་འབུལ་སྡུད་རིན་པོ་ཆེ་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ལ་བསྟོད་པ་སྐལ་བཟང་རེ་སྐོང་ཚངས་དབང་གཙུག་གི་ནོར་བུ》《བྲག་དཀར་སྤྲེལ་རྫོང་གི་བསྟོད་པ་ཆོས་དུང་གཡས་སུ་འཁྱིལ་བའི་སྒྲ་དབྱངས། 《རང་གི་གམ་ན་མོ་ལྔ་ལ་རི་བོ་རྩེ་ལྔའི་གནས་ཚུལ་བཤད་པ་དད་གསུམ་གསོ་བའི་བདུད་རྩི》སོགས་ཡོད།
(6)གསོལ་འདེབས་ཀྱི་སྐོར། 《ཞབས་བརྟན་གསོལ་འདེབས་གཡས་འཁྱིལ་དུང་གི་སྒྲ་དབྱངས》 《གསོལ་འདེབས་དད་པའི་ལྗོན་ཤིང་》 《བླ་མ་ལ་གདུང་བའི་དབྱངས་ཀྱིས་གསོལ་བ་འདེབས་པ་ཡིད་ཆེས་དད་པའི་ལྗོན་ཤིང་》 《གོང་ས་སྐྱབས་མགོན་རྒྱལ་བའི་དབང་ པོ་བཅུ་གསུམ་པ་ཆེན་པོ་ལ་གསོལ་བ་འདེབས་པའི་ཚིག་ལེའུར་བྱས་པ་པདྨ་དཀར་པོའི་འཁྲི་ཤིང་》《ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས་དད་གསུམ་ཟླ་བའི་འཁྲི།) 《གསོལ་འདེབས་པདྨ་དཀར་པོའི་འཁྲི་ཤིང་གཞན་ཞིག》《གསོལ་འདེབས་པདྨའི་གེ་སར》《གསོལ་འདེབས་དྲི་བྲལ་ཟླ་འོད་གཞོན་ནུ》《རྗེ་བླ་མ་ལ་གསོལ་བ་ཕུར་ཚུགས་སུ་འདེབས་པ》 《འཇམ་དབྱངས་བཞད་པ་སྐུ་ཕྲེང་དྲུག་པ་ཞབས་པད་བརྟན་པའི་གསོལ་འདེབས》《གསོལ་འདེབས་མཐོང་བ་དོན་ལྡན་》 《གསོལ་འདེབས་བྱིན་རླབས་བདུད་རྩིའི་གྲུ་ཆར》《ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་བྱིན་རླབས་འགུགས་པའི་ལྕགས་ཀྱུ》སོགས་ཡོད།
(7) ཞུ་དག་གནང་བའི་སྐོར། རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ལྷ་སའི་ཞོལ་པར་ཁང་གི་དཔར་གཞི་གསར་བཞེངས་ཀྱི་ཞུ་དག བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་འབུམ་པོ་ཏི་ཉེར་དགུའི་དཔར་གཞི་གསར་བཞེངས་ཀྱི་ཞུ་དག སྐབས་དེའི་རྩེ་རིག་གནས་སློབ་གྲྭ་ཆེན་མོའི་སློབ་གཞི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་སྡེབ་སྦྱོར་རིག་པའི་སྐོར་གྱི་གཞུང་ལ་ཞུ་དག་དང་འབྲེལ་ཏེ་གསར་བསྒྲིགས་མཛད། རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་རྒྱུད་བླའི་དོན་བསྡུས་ཀྱི་ཞུ་དག རྒྱལ་བའི་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་མཛད་པའི་《སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་དཔེར་བརྗོད་སྙན་ངག་གི་ལམ་ནས་དྲངས་པའི་ངོ་མཚར་ཅན་》 ཞེས་བྱ་བའི་ཞུ་དག་ མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱི་ཕར་ཕྱིན་ཡིག་ཆའི་དཔར་གཞི་གསར་བཞེངས་ཀྱི་ཞུ་དག དཔའ་རིས་འཇིགས་མེད་དམ་ཆོས་ཀྱིས་མཛད་པའི་《 དག་ཡིག་ཤེས་བྱ་རབ་གསལ》ཞེས་བྱ་བའི་ཞུ་དག སྐབས་དེའི་ཀྲུང་དབྱང་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་ཡིག་སྒྱུར་སྡེ་ཁག་གི་ལོ་ཙཱ་བ་སྐལ་བཟང་ཡེ་ཤེས་ཀྱིས་གཙོ་སྒྲིག་མཛད་པའི་དག་ཡིག་《 རྒྱ་བོད་ཤན་སྦྱར་》 ( འདི་ནི་ཀྲུང་གོ་རྒྱལ་ཁབ་བཙུགས་ཚུན་གྱི་བོད་ཡིག་གི་མིང་མཛོད་ཐོག་མ་ཡིན)ཞེས་པ་དང་ལོ་ཙཱ་བ་སྐལ་བཟང་ཡེ་ཤེས་སོགས་ཀྱིས་བརྩམས་པའི་《 དུས་གསུམ་གྱི་རྣམ་གཞག་བློ་མུན་སེལ་བའི་འོད་སྣང་》 (སྤྱི་ལོ་1958ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། དེབ་འདིའི་མགོར་དགེ་བཤེས་རིན་པོ་ཆེ་མཆོག་གིས་ཆེད་དུ་དེབ་འདིར་གནང་བའི་དཔྱད་གཏམ་བཀོད་ཡོད)ཅེས་བྱ་བའི་ཞུ་དག ལིས་ཏན་གྱིས་བསྒྲིགས་པའི་《 རྒྱ་བོད་མིང་ཚིག་གཏེར་ མཛོད》 ཅེས་བྱ་བའི་ཞུ་དག ཀྲུང་དབྱང་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་ཡིག་སྒྱུར་་བྱས་པའི་《 མའོ་ཙེ་ཏུང་གི་གསུང་རྩོམ་》 པོད་དང་པོ་དང་། པོད་བཞི་པའི་བོད་འགྱུར་མའི་ཞུ་དག ཀྲང་དབྱི་སུན་གྱིས་བསྒྲིགས་པའི་《བོད་རྒྱ་ཚིག་མཛོད་ཆེན་མོ》 ( ཐོག་མའི་ཚོད་ལྟའི་པར) ལ་སློབ་སྟོན་དང་འབྲེལ་བའི་ཞུ་དག་སོགས་གནང་།
(8)ཆབ་ཤོག་གི་སྐོར། 《 ཐོག་མའི་བསྐུར་ཡིག》 《པཎ་ཆེན་སྐུ་གོང་མ་ལ་ཕུལ་བའི་ཞུ་ཡིག 》 《ཁྲི་བྱང་རིན་པོ་ཆེ་སོགས་ལ་གནང་བའི་འཕྲིན་ཡིག་དང་གསུང་རྩོམ་འགའ》《བླ་བྲང་དགོན་གཞུང་ལ་གནང་བའི་འཕྲིན་ཡིག》 《གུང་ཐང་བློ་གྲོས་ཚང་ལ་ཕུལ་བའི་ཞུ་ཡིག》 《དགེ་བཤེས་ལྷ་མོ་ཚུལ་ཁྲིམས་སོགས་ལ་གནང་བའི་གསུང་རྩོམ་འགའ་》 《སྐུ་ཞབས་བསྟན་པ་དབང་ཕྱུག་སོགས་ལ་གནང་བའི་གསུང་རྩོམ་འགའ་》《སྐུ་ཞབས་བསྟན་པ་དབང་ཕྱུག་སོགས་ལ་གནང་བའི་གསུང་རྩོམ་འགའ 》《སྐུ་ཞབས་ཁྲི་བྱང་ཆུབ་ཆོས་འཕེལ་སོགས་ལ་གནང་བའི་གསུང་རྩོམ་ཚན་པ་དུ་མ》《སྒེའུ་སྟེང་བློ་བཟང་སོགས་ལ་གནང་བའི་ཕྱག་བྲིས་སོགས》《 ཁྲི་གའི་ལྷུན་གྲུབ་རྒྱ་གར་དུ་སོང་བ་ལ་གནང་བའི་གསུང་འཕྲིན་སོགས》《ལྕགས་ལོ་སོགས་ལ་གནང་བའི་འཕྲིན་ཡིག》《སྔོན་འགྲོའི་འཕྲིན་ཡིག་བདུད་རྩིའི་ཟེགས་མ》སོགས་ཡོད། ཧ་ཅང་ཡིད་ཕངས་དགོས་པ་ཞིག་ནི་དགེ་བཤེས་རིན་པོ་ཆེ་མཆོག་ལྷ་ས་ནས་ལོ་ངོ་སུམ་ཅུ་ལྷག་རིང་སྡེ་པ་གཞུང་གི་ལས་དྲུང་མི་སྣ་ཁག་དང་སྐུ་དྲག་མི་དྲག་མང་པོར་འབྲེལ་ལམ་ཟབ་མོ་བྱུང་ཞིང་། མང་པོ་ཞིག་ལ་ཐད་ཀར་དུ་དགེ་སློབ་ཀྱི་འབྲེལ་བ་ཡག་པོ་ཆགས་ཡོད་པས་ཕན་ཚུན་རྒྱུན་པར་ཡིག་བསྐུར་གྱི་ལམ་ནས་འབྲེལ་ལམ་མ་ཆད་པར་རྒྱ་ཆེར་བསྟར་ཡོད་པའི་ཆབ་ཤོག་གང་དག་རྗེས་སུ་མེད་བརླག་ཏུ་ཚབས་ཆེན་ཤོར།
(9)དཀར་ཆག་གི་སྐོར། 《བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་བཀའ་འགྱུར་རོ་ཅོག་གི་གསུང་པར་འཛམ་གླིང་སྤྱི་ནོར་གྱི་དཀར་ཆག་ལེགས་བཤད་འཕྲུལ་གྱི་ལྡེ་མིག》 (འདི་ནི་དགེ་བཤེས་རིན་པོ་ཆེ་མཆོག་གཙོ་བྱེད་ཀྱི་བདེ་ཡངས་མཚན་ཞབས་བསྟན་ འཛིན་འཕྲིན་ལས་དང་། སྟག་ལུང་བྲག་སྤྲུལ་སྐུ་ངག་དབང་གསུང་རབ། ཅོ་ནེ་དགེ་བཤེས་བློ་བཟང་རྒྱ་མཚོ་སོགས་ཀྱིས་པོ་ཏ་ལའི་ཞོལ་པར་ཁང་དུ་བཞུགས་པའི་བཀའ་འགྱུར་དཔར་གསར་གྱི་དཀར་ཆག་མཛད་པ་དེ་ཡིན།《རྒྱ་ནག་རི་བོ་རྩེ་ལྔའི་སྤྱན་རས་གཟིགས་སྒྲུབ་ཕུག་གི་དཀར་ཆག 》 འདིའི་མ་དཔེ་ཞིག་དེ་སྔ་རི་བོ་རྩེ་ལྔ་ནས་ལོ་མང་པོར་བཞུགས་མྱོང་བའི་མདོ་སྨད་རྒྱལ་མོ་དགོན་གྱི་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ཉར་ཡོད་པར་གྲགས་མོད་ཁོང་ཉིད་སྐུ་གཤེགས་ཚར་བས་ད་ལྟ་དཀར་ཆག་འདིཉིད་གང་ན་ཡོད་པ་རྩད་མ་ཆོད་པར་ལུས་ཡོད།
(10)གཞན་དག་གི་སྐོར། 《མཎྜལ་བཤད་པ།》 《སྐྱབས་ཐོ》《སྐྱབས་ཁྲིད་ཟིན་བྲིས་སོགས》《དགུ་པའི་ཉེར་གཉིས་ཀྱི་ལུང་འདྲེན》 《ལྔ་མཆོད་ལུང་འདྲེན་དད་གུས་དགོས་འདོད་འགུག་པའི་ལྕགས་ཀྱུ》 《སྙིང་ནས་སྨོན་པ་འཇམ་མགོན་ཡབ་སྲས་དགྱེས་པའི་མཆོད་སྤྲིན། 》 《རྡོ་སྦིས་ལྷ་ཆེན་སྟོང་དར་གུང་གསུམ་ལ་བསང་མཆོད་འབུལ་བའི་ཆོ་ག་བཀྲ་ཤིས་ཆུ་བོ་གཡས་འཁྱིལ།》《 རྡོ་སྦིས་ལྷ་ཆེན་སྟོང་དར་གུང་གསུམ་ལ་གསེར་སྐྱེམས་འབུལ་བའི་ཆོ་ག་ཟག་མེད་བདུད་རྩིའི་མཆོད་ཡོན། 》《 ངོ་མའི་སྒར་གྱི་བཅའ་ཡིག》(དེ་མིན་རྩེ་ཡིག་ཚང་ལས་ཁུངས་ཀྱི་བཀའ་བཀོད་ལྟར་མདོ་ཁམས་ཀྱི་དགོན་པ་ཁ་ཤས་ཀྱི་བཅའ་ཡིག་གནང་ཡོད།)《མང་ཇའི་སྐྱབས་ཞུ་སོགས་གསུང་རྩོམ་འགའ།》《དགུང་ལོ་བཅོ་ལྔའི་སྟེང་གནང་བའི་གསུང་རྩོམ་འགའ》《ཡོན་ཏན་མཛོད་རྩ་འགྲེལ་གྱི་དཔར་བྱང་བཞེད་སྐོང་ནོར་བུའི་ཟ་མ་ཏོག་ཅེས་བྱ་བ་དགེ་》 《བླ་མ་རྒྱང་འབོད་བྱིན་རླབས་འགུགས་པའི་ལྕགས་ཀྱུ》《གུར་མགོན་ལྷ་བརྒྱད་ལ་གཙང་མ་ཕུད་ཀྱི་གསེར་སྐྱེམས་འབུལ་བའི་ཆོ་ག་ནག་པོ་ཆེན་པོ་དགྱེས་པར་བྱེད་པའི་མཆོད་སྤྲིན་རྣམ་འཕྲུལ་གཎྜིའི་སྒྲ་དབྱངས།》 《སྨིན་ནོ་བཅུ་པ་ཕིན་གོའི་ལྗོན་བཟང་》སོགས་མང་པོ་ཡོད།
གསུམ་པ། མཇུག་གི་གཏམ།
དགེ་བཤེས་རིན་པོ་ཆེ་སྐུ་འཚོ་གཞེས་ཀྱི་དུས་རབས་ནི་རྒྱལ་ཕྱི་རྒྱལ་ནང་དང་། བོད་ནང་ཁུལ་སོགས་ཕྱོགས་གང་ཐད་ནས་ཆབ་སྲིད་ཀྱི་གཡོ་འགུལ་ཧ་ཅང་ཆེ་བའི་ལོ་རྒྱུས་ཀྱི་དུས་རིམ་ཁྱད་པར་བ་ཞིག་ཡིན། ཁོང་ཉིད་ཀྱིས་རྗེ་བློ་བཟང་གྲགས་པའི་རིང་ལུགས་པ་ཤ་སྟག་ཅིག་གི་ངོས་ནས་རྒྱལ་ཁབ་ཀྱི་ཁེ་ཕན་དང་སངས་རྒྱས་ཀྱི་བསྟན་པའི་གནས་བབ་ལ་ཐུགས་ཁུར་ཟབ་བཞེས་ཀྱིས་དེའི་ལས་ལ་རྩེ་གཅིག་ཏུ་གཞོལ་བ་རེད། བརྩམས་ཆོས་ནི་དུས་རབས་ལ་གཏོགས་ཟེར་བ་ཇི་བཞིན་ཁོང་གི་བརྩམས་ཆོས་ལས་ཀྱང་ང་ཚོར་དེ་བཞིན་དུ་དུས་རབས་ངེས་ཅན་ཞིག་ལས་བསླངས་པའི་རིག་གཞུང་དང་ཆབ་སྲིད་ཀྱི་གནད་དོན་མང་པོ་ཞིག་ལ་གོ་བསྐོན་གྱི་ཕན་ནུས་གཞན་དང་མི་འདྲ་བ་ཞིག་སྟེར་ཐུབ། དེ་བས་ན། ང་ཚོས་དགེ་བཤེས་རིན་པོ་ཆེ་མཆོག་དང་ཁོང་གི་བརྩམས་ཆོས་ལ་དཔྱད་པ་གཏོང་ཚེ་ཐོག་མར་ངེས་པར་དུ་ལོ་རྒྱུས་མི་སྣ་གང་ཞིག་རང་ཉིད་སྐུ་འཚོ་གཞེས་ཀྱི་ཡུལ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ངེས་ཅན། དུས་སྐབས་ངེས་ཅན་གྱི་ཁོངས་སུ་བཞག་སྟེ་དཔྱད་ན་སྙིང་ཁམས་བརྟས་པའི་ཡོ་ཟུར་གྱི་ཚིག་ཉོག་གམ་ཡང་ན་དུངས་ཞེན་ལས་འཕྲོས་པའི་དགོས་མེད་ཀྱི་ཚིག་ཤོམ་མང་པོ་ཞིག་མི་ཐོན་པར་དངོས་པོའི་གནས་ལུགས་དང་མཐུན་པར་གོར་མ་ཆག་གོ །
མཆན་འགྲེལ།
①《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་གསུམ་པ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།་1984 ལོའི་ཟླ་12པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས་605 སྟེང་།
②《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་གསུམ་པ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། 1984ལོའི་ཟླ་12པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས་605དང་606སྟེང་།
③ ཧྲང་ཧེའི་བྱང་ཆུབ་ཆོས་ཚོགས་ཞེས་པ་ནི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་མཆོག་སྤྱི་ལོ་1934 ལོའི་སྤྱི་ཟླ་5པར་གྲོང་ཁྱེར་ཧྲང་ཧེ་རུ་ཕེབས་རིང་ཆོས་ཚོགས་འདི་འཛུགས་རྒྱུའི་ཐོག་མའི་དགོངས་འཆར་བཏོན་ཞིང་། སྤྱི་ལོ་1935ལོའི་ ཟླ་11པའི་ཚེས་12ཉིན་ཧྲང་ཧེའི་ནང་བསྟན་ཅིན་ཡེ་ཧྲེ་(佛教净业社) ཞེས་པ་ནས་དངོས་སུ་དབུ་བརྙེས་པའི་ཚོགས་ཆེན་བསྡུས་ཤིང་། པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་མཆོག་གིས་ཆོས་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས། དེ་ནས་རིམ་གྱིས་གྲོང་ཁྱེར་ཁྲོན་ཆིན་དང་། ཁྲིན་འདུ། པེ་ཅིན། ལན་ཀྲིག་སོགས་སུ་ཆོས་ཚོགས་འདིའི་ཡན་ལག་ཚོགས་པ་བྱུང་སྟེ་དར་ཞིང་རྒྱས། ཚོགས་མི་མང་ཆེ་བས་བོད་ཀྱི་སྐད་ཡིག་དང་སུམ་རྟགས་གཙོ་བྱེད་ཀྱི་གཙུག་ལག་རིག་གནས་སློབ་གཉེར་བྱས། དགེ་བཤེས་རིན་པོ་ཆེ་མཆོག་གིས་བཀའ་ཆོས་ཐེངས་དང་པོ་ཧྲང་ཧེའི་བྱང་ཆུབ་ཆོས་ཚོགས་ནས་གསུང་ཞིང་། སྐབས་དེར་ཀྲོའོ་ཕུའུ་ཁྲུའུ་ནི་ཧྲང་ཧེའི་བྱང་ཆུབ་ཆོས་ཚོགས་ཀྱི་དགེ་བསྙེན་ཡིན་ལ་དགེ་བཤེས་རིན་པོ་ཆེ་དང་ཆོས་འབྲེལ་ཐོག་དང་པོ་དེ་ནས་བཙུགས།
④ དཔེ་དེབ་འདིར་1986ལོའི་སྤྱི་ཟླ་11པར་བསྡུས་པའི་ཀྲུང་གོའི་སྐབས་གཉིས་པའི་བྱང་ཁུལ་གྱི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅུ་གསུམ་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་ཕུལ་བྱུང་དཔེ་དེབ་འགྲན་ཚོགས་ཐོག་བྱ་དགའ་ཨང་དང་པོ་ཐོབ། 1989ལོར་ཀྲུང་གོའི་སྐབས་གཉིས་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཕུལ་བྱུང་ཅན་གྱི་དམིགས་བསལ་བྱ་དགའ་ཐོབ།
⑤《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་གསུམ་པ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། 1984ལོའི་ཟླ་12པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས་625སྟེང་།
⑥《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་གསུམ་པ།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། 1984 ལོའི་ཟླ་12པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས་607སྟེང་།
⑦ 《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་དང་པོ།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། 1984 ལོའི་ཟླ་12པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས་309སྟེང་།
⑧《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་དང་པོ།》རྩོམ་སྒྲིག་འགན་ཁུར་པ་གྲགས་པ་དང་འཕྲིན་ལས་ཡིན། 1984ལོའི་ཟླ་12པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
⑨《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་གཉིས་པ།》རྩོམ་སྒྲིག་འགན་ཁུར་པ་གྲགས་པ་ཡིན། 1984 ལོའི་ཟླ་12པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
⑩ 《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་གསུམ་པ།》རྩོམ་སྒྲིག་འགན་ཁུར་པ་གྲགས་པ་དང་འཕྲིན་ལས་ཡིན། 1984ཟླ་12 པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
(11)《ཧོར་ཁང་བསོད་ནམས་དཔལ་འབར་གྱི་གསུང་རྩོམ་ཕྱོགས་བསྒྲིགས》 1993ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
(12) 《རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ》 1997ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།(13)《དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་ཤེས་རབ་རྒྱ་མཚོ་ཞལ་སྔ་མཆོག་གི་མཛད་འཕྲིན་གྱི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་མུ་ཏིག་ཕྲེང་བ་བཞུགས་སོ།》 ཆོས་དཔལ་རྒྱ་མཚོས་བརྩམས། 1988ལོའི་《 མང་ཚོགས་སྒྱུ་རྩལ》 དེབ་གཉིས་པ་དང་དེབ་གསུམ་པ། 1989ལོའི་《མང་ཚོགས་སྒྱུ་རྩལ》དེབ་དང་པོ་བཅས་ཀྱི་སྟེང་དུ་མུ་འགོད་བྱས་ཡོད།
(14) 《དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་ཤེས་རབ་རྒྱ་མཚོ།》1996ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
(15)《བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས》(སྤྱིའི་འདོན་ཐེངས་11 པ།)བོད་རང་སྐྱོང་ལྗོངས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་ཨུ་ཡོན་ལྷན་ཁང་གིས་རྩོམ་སྒྲིག་བྱས། སྤྱི་ལོ་1989ལོར་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
(16)《དགེ་བཤེས་ཤེས་རབ་རྒྱ་མཚོ་དང་རྡོ་སྦིས་གྲྭ་ཚང་》 ཕུན་ཚོགས་ཀྱིས་བརྩམས། 2000ལོར་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
(17 )《རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་གི་རྣམ་ཐར་མདོར་བསྡུས། 》 དབྱང་ཞའོ་ཕེན་གྱིས་བརྩམས་ཤིང་པ་ཐར་གྱིས་བསྒྱུར། སྲིད་གྲོས་མཚོ་སྔོན་ཞིང་ཆེན་རིག་གནས་ལོ་རྒྱུས་དཔྱད་གཞི་ཞིབ་འཇུག་ཨུ་ཡོན་ལྷན་ཁང་གིས་དཔར་དུ་བསྐྲུན།
(18) 《རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་གིས་བོད་ཀྱི་རིག་གནས་ལས་དོན་ཐད་གནང་བའི་མཛད་རྗེས་མདོ་ཙམ་བརྗོད་པ》 ཁམ་བུས་བརྩམས། 1993ལོའི་《རྩེར་སྙེག》དེབ་བཞི་པའི་སྟེང་བཀོད་ཡོད།
(19)《喜饶嘉措大师》青海省文史资料委员会編輯,1999年版。
(20)降边嘉措著《班禅大师》东方出版社, 1989版。
(21)杜永彬著《二十世纪西藏的奇僧一人文 主义先驱更敦群培大师传》中国藏字出版社, 2000年版。
(22)邢肃芝(洛桑珍珠)口述,张健飞、杨念群 笔述:《雪域求法记:一个汉人喇嘛的口述史》, 三联书店,2003年版。
(23)杜永彬《更敦群培与喜院嘉措的美系》载 于《青海民族学院学报》1999年第1期
(24)屈焕著, 谢佐译:《喜饶嘉措大师传略》 (上)(下)载于《青海民院学报》1991年第4期 1992年第1期。
(25)卓加著(深切怀念爱国老人喜饶嘉措大师 一纪念喜饶嘉措大师诞辰110周年)载于《民族团结》1993年第3期。
(26)赵朴初著《中国佛教切全四十年》载于 《法音》1993年第12期。
(27)赵朴初著《中国佛学院四十年》载于《法 音》1996年第1期
(28)《現代佛字》1952年第3期,1953年第6 期。1953年第6期、1957年第5期、1962年第2期 等。
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10