བསྟན་རྩིས་གནད་བསྡུས་ངང་སངས་རྒྱས་པའི་དུས་དང་འཁྲུངས་འདས་ལ་དཔྱོད་པ་བློ་ལྡན་དགའ་བའི་རྒྱན་ཞེས་བྱ་བ་བཞུགས་སོ།།

ངག་གི་དབང་ཕྱུག        2021-05-12

དེ་ཡང་བསྟན་རྩིས་དཔྱིས་ཕྱིན་པར་ཤེས་པ་ལ་ངེས་པར་དུ་ཤེས་དགོས་པའི་སྐོར་འགའ་ཞིག་འབྲི་བར་བྱའོ། ། རབ་བྱུང་ཟེར་བ་ནི་ལོ་དྲུག་ཅུ་རེ་ལ་ཟེར་བ་ཡིན། དུས་རབས་ནི་ལོ་བརྒྱ་རེ་ལ་ཟེར། དེ་ནི་ཡེ་ཤུལ་འཁྲུངས་ལོ་ནས་རྩིས་པ་རེད།

སྤྱི་ལོ་ཟེར་བ་འདི་ལ་གཞིར་བཞག་འདུག ། དེས་ན་སྤྱི་ལོ་ཉིས་སྟོང་བཅོ་ལྔ་འདིར་དུས་རབས་ཉེར་གཅིག་པའི་བགྲང་བྱ་བཅོ་ལྔ་ལ་ཁེལ་བ་རེད། རབ་བྱུང་དང་པོ་ནི་སྤྱི་ལོ༡༠༢༧ལ་དུས་འཁོར་བོད་དུ་བསྒྱུར། ལོ་དེར་རབ་བྱུང་དང་པོ་མེ་མོ་ཡོས་ལ་ཁེལ། དེ་ནས་བཟུང་སྟེ་ལོ་དྲུག་ཅུ་རེ་ལ་རབ་བྱུང་རེ་བརྩིས་ཏེ་དེང་སང་བཅུ་བདུན་པ་རེད།

དེ་ཡང་རབ་བྱུང་དང་པོ༡༠༢༧ནས༢༠༡༥བར་དུ་མི་ལོ༩༨༨རེད། དེ་དག་ལོ་དྲུག་ཅུ་ཅན་ལ་བགོ་ན་བཅུ་དྲུག་རྫོགས་ནས་བཅུ་བདུན་པའི་བགྲང་བྱ་ཉེར་དགུ་ལ་སླེབས་ཡོད། དེས་ན་ཉིས་སྟོང་བཅོ་ལྔའི་ལོ་འདིར་རབ་བྱུང་བཅུ་བདུན་པའི་ལོ་རབས་ཉེར་དགུ་པ་རེད་འདུག་ལགས། སྤྱིར་རབ་བྱུང་རྣམ་བྱུང་དཀར་པོ་དང་། ། ཞེས་སོགས་དྲུག་ཅུ་པོ་རེ་རེ་ལ་མིང་རེ་ཡོད།འོན་ཀྱང་དང་པོ་དེའི་མིང་རབ་བྱུང་ཟེར་བ་འདི་བྱེ་བྲག་གི་མིང་སྤྱི་ལ་བཏགས་སོང་བ་རེད། དེ་དག་ནི་དུས་འཁོར་བོད་ལ་འགྱུར་དུས་དབང་བཙན་ཙམ་ལས། དོན་ལ་དུས་འཁོར་གསུངས་ནས་ལོ་གསུམ་པ་ལ་རབ་བྱུང་དང་པོ་བཞག་ནས་འདི་ལོ་བར་དུ་རབ་བྱུང་ཞེ་གཉིས་དང་བགྲང་བྱ་ཉེར་དགུ་པར་ཁེལ་ཡོད།གང་ཞེ་ན། སངས་རྒྱས་འདས་ལོ་ལ་ངེས་རྙེད་མེད་པའི་བརྩི་ལུགས་ལྔ་བཅུ་ཙམ་འདུག་ཀྱང་། ཁོ་བོས་མདོ་རྒྱུད་ཚན་རིག་ཟུང་བསྡུར་གྱིས་རྩིས་པ་ན། སངས་རྒྱས་འདས་ལོ་ནི་སྤྱི་ལོའི་སྔོན་གྱི༥༣༨་ལ་ཁེལ་བྱུང་།སངས་རྒྱས་ས་ཟླ་ལ་འདས་པས་ན། འདས་ཟླ་དེའི་སྔོན་གྱི་ཟླ་བ་སྟེ་ལོ་དེའི་དཔྱིད་ཟླ་འབྲིང་པོའི་ཉིན་མཚན་མཉམ་སྐབས་དེར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་ཤམ་བྷ་ལའི་རྒྱལ་པོ་ཟླ་བཟང་སོགས་ལ་དུས་འཁོར་གསུངས་ཤིང་།དེ་ནས་ཤམ་བྷ་ལའི་རྒྱལ་པོ་ཟླ་བ་བཟང་པོས་ཤམ་བྷ་ལར་ལོ་གཉིས་དུས་འཁོར་བསྟན། དེའི་ཕྱི་ལོ་དེར་མེ་ཡོས་ཏེ་རབ་བྱུང་དང་པོའི་དབུ་ཚུགས་འདུག །

དེའི་རབ་བྱུང་དང་པོ་ནས་ལུགས་ལྡོག་ཏུ་སོང་ན་སངས་རྒྱས་པའི་དུས་དང་འདས་དུས་འཁྲུངས་དུས་སོགས་ཀྱི་ལོ་ཁམས་འཁྲུལ་མེད་རྙེད།

སྐབས་དེར་འཛམ་གླིང་ན་རྩིས་པ་གྲགས་ཅན་མང་པོས་བཤད་པ་ལ་ཡིད་མི་ཆེས་ནས་གསར་རྙེད་གདེང་ཁེལ་པ་རེད་འདུག་ལགས།

མདོར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་འདས་སོགས་ལོ་ཚིགས་ཐམས་ཅད་སངས་རྒྱས་ཉིན་གྱི་རྟགས་མཚན་བརྒྱད་འཛོམས་ཤེས་ན་མི་འཁྲུགས་པའི་གཟེར་ཐེབ་ངེས་ཡིན།

དེས་ན་སངས་རྒྱས་པའི་དུས་ནི་སྤྱི་ལོའི་སྔོན་གྱི༥༨༣/ཕྱི་ཟླ༥/ཕྱི་ཚེས་༣/གཟའ་ཉི་མའི་ཐོ་རངས་དེང་དུས་ཀྱི་ཆུ་ཚོད༤/སྐར་མ༤༤/སྐར་ཆ༤༤/ལ་ཁེལ་ཏེ་འདི་དག་རྒྱ་གར་གྱི་ཆུ་ཚོད་དབང་དུ་བྱས་པ་ཡིན། དེ་ནི་ལོ་དེའི་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་དབུ་ཚུགས་པའི་ཐོ་རངས་ཕྱི་ནང་གི་མངོན་བྱུང་འབྱོར་ཞིང་ཟླ་བ་སྒྲ་གཅན་གྱིས་ཟིན་པའི་སྐབས་ལ་ཁེལ་འདུག ། ཟླ་བ་འདིའི་གསོ་སྦྱོང་སྔ་མ་བཅུ་བཞི་པ་ཁེལ་འདུག་པས། འཇིག་རྟེན་པ་ལྟར་ན་ཚེས་བཅུ་དྲུག་གི་དབུ་ཚུགས་ནས་ཞེས་བསྒྱུར་དགོས། དེས་ན་སྐར་རྩིས་པ་དང་ཡང་མི་འགལ།

སྐབས་དེར་སངས་རྒྱས་འཁྲུངས་ནས་དགོང་ལོ་ཧྲིལ་པོ་སོ་ལྔ་དང་ལོ་ངོ་སོ་དྲུག་པ་ས་ཕོ་སྟག་གི་ལོ་སྟེ། རབ་བྱུང་གི་བགྲང་བྱ་བཅུ་གཉིས་པ་འབྲུ་མང་པོ་ཞེས་པའི་དཔྱིད་ཐ་ཆུང་ས་ག་ཟླ་བའི་ཡར་ཚེས༡༥ལ་ཁེལ་འདུག །

དེ་ནས་ལུགས་ལྡོག་ཏུ་རྩིས་ན་ལྷུམས་སུ་ཞུགས་དུས་ནི་སྤྱི་ལོའི་སྔོན་གྱི༦༡༩/ཕྱི་ཟླ་ལྔ་བའི་ཕྱི་ཚེས་ཉེར་བཞི་གཟའ་ཟླ་བ་སྟེ། ལྕགས་མོ་གླང་གི་དབྱར་འབྲིང་ཆུ་སྟོད་ཟླ་བའི་ཡར་ཚེས་བདུན་དང་བརྒྱད་ཀྱི་མཚམས་གཟའ་ཟླ་བ་ལ་ཁེལ་པ་ཡིན་ནོ། །

དེ་ནས་ཁྱིམ་ཟླ་བཅུ་རྫོགས་མཚམས་དེར་ཕྱི་ལོའི་སྔོན་གྱི༦༡༨/ཕྱི་ཟླ༤/༢༤/བགྲང་བྱ་སོ་དྲུག་ཆུ་ཕོ་སྟག་གི་ལོ།། དགེ་བྱེད་ཅེས་བྱ་བའི་དཔྱིད་ཐ་མ་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔ་གཟའ་ཕུར་བུའི་མཚན་གུང་ཡོལ་ཙམ་ལ་འཁྲུངས་སོ། །

དེས་ན་སངས་རྒྱས་ལོ་ནས་རྩིས་པ་ལོ་ཧྲིལ་པོ་ཞེ་ལྔ་དང་ལོ་ངོ་ཞེ་དྲུག་པར་སངས་རྒྱས་དགོང་ལོ་ཧྲིལ་པོ་བརྒྱད་ཅུ་དང་ལོ་ངོ་ལ་སྦྱར་ན་དགུང་ལོ་གྱ་གཅིག་པ་ཆུ་མོ་ཕག་སྟེ། རབ་བྱུང་གི་བགྲང་བྱ་ང་བདུན་པ་ཁྲག་སྐྱུག་ཅེས་བྱ་བའི་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་དགོང་མོ་གཟའ་སྤེན་པ་ལ་འདས་ཚེས་ཁེལ་འདུག །

འདི་དག་ནི་མདོ་རྒྱུད་ཚན་རིག་དང་བཅས་པའི་སྒྲུབ་བྱེད་ཡ་མཚན་པ་བཅུ་གཉིས་ཙམ་གྱི་སྐོར་ལས་འཕྲོས་ཏེ་ཤོག་གྲངས་ཉིས་བརྒྱ་ཙམ་ཞིག་ཟུར་དུ་ཡོད་དོ། །

སངས་རྒྱས་པའི་དུས་ཆེན་གྱི་རྟགས་མཚན་བརྒྱད་འཛོམས་སྐོར་ གནད་བསྡུས་བཞུགས་སོ།།

དེ་ཡང་སངས་རྒྱས་པའི་དུས་ཚོད་དེ་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔ་ལ་ཁེལ་དགོས་པའི་རྒྱུ་མཚན་རྣམ་མང་ཡོད་པས་ཡིན་གྱི། སངས་རྒྱས་ཀྱིས་རང་བཟོ་མིན། ཁྱད་པར་དུ་ས་ཟླའི་ཐོ་རངས་དེང་དུས་ཆུ་ཚོད4དང་སྐར་མ44སྐར་ཆ44ཏག་ཏག་ལ་ཁེལ་དགོས་པ་རེད།

གཞན་དུ་ན་ལོ་གཞན་ལ་གོ་སྐབས་སླར་ཡང་བཟུང་དགོས་པ་དུས་འཁོར་ལས་གསུངས་པ་རེད།

འདི་ནི་འདུལ་བ་ནས་གསང་སྔགས་བླ་མེད་བར་དུ་གཅིག་མཚུངས་རེད།

དེས་ན་ཐེག་པ་རིམ་འཛེག་ཡིན་པས་འདུལ་བ་ནས་རིམ་པས་ཐེག་ཆེན་གྱི་ཕར་ཕྱིན་དང་། གསང་སྔགས་རྣལ་འབྱོར་རྒྱུད་དང་། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ན་ཞིབ་ཆ་ཇེ་གསལ་ལ་སོང་བ་རེད།

གནད་ཆེ་ཤོས་གཅིག་ནི་ཕྱི་ནང་གི་མངོན་བྱང་གཉིས་འཛོམས་དགོས་ལ། ཁྱད་པར་དུ་དུས་འཁོར་ལས་ཕྱི་ནང་གི་འཁོར་ལོ་མ་འཕྲོད་ན་སངས་རྒྱས་ནུས་པ་མིན་གསུངས། དེ་ཡང་དུས་ཚོད་ས་ཟླའི་བཅོ་ལྔ་ལ་ཁེལ་བ་ཡིན་ནོ། །

ཞིབ་ཆ་ཕྲ་མོ་བྱས་ན་འདི་ལྟར་ཡིན་ཏེ།

༡༽ སངས་རྒྱས་དུས་དེར་ཉི་མ་གླང་ཁྱིམ་ན་ཡོད་པ།

༢༽ ཟླ་བ་སྡིག་ཁྱིམ་ན་ཡོད་པ།

༣༽ དེ་ཡང་ཟླ་བ་སྐར་མ་ལྷ་མཚམས་དང་མཉམ་དུ་ཡོད་པ།

༤༽ གཟའ་ཕུར་བུ་ཀརྐ་ཊའི་ཁྱིམ་གྱི་སྐར་མ་རྒྱལ་དང་འཛོམས་པ།

༥༽ དཔྱིད་ཉིན་མཚན་མཉམ་པའི་ཟླ་བ་རྗེས་མ་ཡིན་པ།

༦༽ ཐོ་རངས་དཀར་དམར་སྨག་གསུམ་དང་བྲལ་བ།

༧ ༽ ཕྱི་ནང་གི་མངོན་བྱང་འཕྲོད་པ།

༨༽ ཟླ་བ་སྒྲ་གཅན་གྱིས་ཧྲིལ་པོ་ཟིན་དགོས་པ་ཏེ།

མདོར་ན་མི་ལོ344་མཚམས་ན་འདི་དང་ཕྱོགས་འདྲ་ཙམ་རེ་འབྱུང་ཞིང་། དངོས་གནས་པ་ནི་ལོ་འབུམ་གཅིག་ལ་གཅིག་ལས་མི་འདུག་ལ། ད་དུང་ཞིབ་ཆ་རྩིས་ན་ལོ་ས་ཡ་གཉིས་རེ་ལ་མཆོག་གི་སྤྲུལ་སྐུ་རེ་རེ་མ་གཏོགས་མི་འབྱུང་སྙམ་པ་ནི་ཁྱད་ཆོས་བརྒྱད་འཛོམས་དེའི་རིང་ལ་གཅིག་ལས་མ་གཏོགས་མི་འབྱུང་བའི་ཕྱིར་རོ། ། ཞེས་པ་ནི་ཚོད་གཞི་ངེས་ཅན་གྱི་ཞིབ་རྩིས་ཡིན་ནོ། །

དེས་ན་ཁྱད་ཆོས་ཆ་ཚང་མི་འཛོམས་ནའང་ཕྱོགས་ཙམ་རེ་ས་ཟླ་ལ་འཛོམས་པས་དུས་དྲན་ནམ་དུས་ཆེན་རྩིས་པ་རེད་ལགས། བུ་སྟོན་ཐམས་ཅད་མཁྱེན་པས་ས་ཟླའི་བཅོ་ལྔ་ལ་སྐར་མ་རྒྱལ་ཕུར་འཛོམས་པ་མི་སྲིད་པའི་དོགས་སློང་གནང་ཡོད་ཀྱང་། དེ་ནི་གནམ་ཟླ་ལ་མི་གཟིགས་པར་ས་རིས་ཙམ་ལ་ཐུགས་ཕྱོགས་པའི་སྐྱོན་རེད།

དཔེར་ན་སྔོན་གྱི་མཁས་པ་ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་དང་། བཀའ་གདམས་པའི་སྣར་ཐང་མཁས་པ་མཆིམས་འཇམ་དཔལ་དབྱངས་གཉིས་ཀས་གནམ་ཟླ་མི་མཁྱེན་པར་ཞལ་བཞེས་གནང་བ་ལྟར་རེད།

མཛད་ཆེན་གྱི་དུས་ཚིགས་ལེགས་ བཤད་གཏམ་གྱི་རོལ་ མོ་ཞེས་བྱ་བ།

འདྲེན་མཆོག་སྟོན་པ་ཤཱཀྱའི་རྒྱལ་པོ་ཁྱོད། །

རབ་གནས་ཤིང་མོ་ལུག་ལོ་འདི་ཉིད་ནས། །

མི་ལོ་ཉིས་སྟོང་དྲུག་བརྒྱ་སོ་བཞི་ཡི། །

བགྲང་བྱ་སོ་ལྔ་འཕར་བ་ཞེས་བྱ་བའི། ། །

ལྕགས་མོ་གླང་གི་ཆུ་སྟོད་ཡར་ཚེས་བརྒྱད། །

རེས་གཟའ་ཟླ་བའི་མཚན་མོའི་གུང་ཐུན་ལ། །

གླང་ཆེན་ཐ་ཀ་ཐེག་པ་བླ་ན་མེད། །

མཆེ་བ་དྲུག་ལྡན་ཕ་རོལ་ཕྱིན་དྲུག་གཟུགས། །

སྒྱུ་འཕྲུལ་ཆེན་མོའི་འོད་གསལ་མནལ་ལམ་དུ། །

ཡིད་འོང་ཉམས་དང་བཅས་ཏེ་ལྷུམས་སུ་ཞུགས། །

དེ་ནས་ཁྱིམ་ཟླ་བཅུ་ཡི་རྫོགས་མཚམས་དེར། །

བགྲང་བྱ་སོ་དྲུག་ཆུ་ཕོ་སྟག་གི་ལོ། །

དགེ་བྱེད་ཅེས་བྱ་དཔྱིད་ཐའི་ས་ཟླ་ཡི། །

ཡར་ཚེས་བཅོ་ལྔ་རྒྱལ་ཕུར་འཛོམས་པ་ན། །

རེས་གཟའ་ཕུར་བུའི་ཐོ་རངས་སྐུ་བལྟམས་པས། །

མཚན་མོ་ཡིན་ཀྱང་འོད་ཀྱིས་འཛམ་གླིང་ཁྱབ། །

དེ་ནས་རྩིས་པའི་མི་ལོ་སོ་ལྔ་པ། །

བགྲང་བྱ་བཅུ་གཉིས་འབྲུ་མང་པོ་ཞེས་པའི། །

དཔྱིད་ཐ་ས་ཟླའི་ཡར་ཚེས་བཅོ་ལྔ་ཡི། །

ཐོ་རངས་ཐུན་ཐའི་སྐད་ཅིག་དང་པོ་ལ། །

ཕྱི་ནང་ཟླ་བར་སྒྲ་གཅན་འཇུག་པའི་དུས།།

རེས་གཟའ་ཉི་མར་མངོན་སངས་རྒྱས་ལ་འདུད། །

དེ་ནས་བཟུང་སྟེ་མི་ལོ་ཞེ་ལྔའི་རིང་། །

ཆོས་ཀྱི་འཁོར་ལོ་སྣ་ཚོགས་རབ་སྐོར་ཏེ། །

ལོ་ངོ་གྱ་གཅིག་ཆུ་མོ་ཕག་གི་ལོ། །

རབ་བྱུང་བགྲང་བྱ་ང་བདུན་ཁྲག་སྐྱུག་ཅེས། །

ས་ཟླའི་ཡར་ཚེས་བཅོ་ལྔའི་དགོང་མོ་རུ། །

རེས་གཟའ་སྤེན་པར་མྱ་ངན་འདས་ལ་འདུད། །

ས་ཟླའི་དུས་ཆེན་སུམ་འཛོམས་ལས་བརྩམས་ཏེ་དཔྱོད་ལྡན་མགུ་རྒྱན་ཕ་ལམ་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

ཟླ་མེད་སྟོན་མཆོག་ཀུན་མཁྱེན་ཉི་མའི་གཉེན། །

ལྷུམས་ཞུགས་བལྟམས་དང་བྱང་ཆུབ་ཞི་བར་གཤེགས། །

དམ་ཆོས་འདུལ་བ་མདོ་སྡེ་ཟབ་མོ་དང་། །

དུས་ཀྱི་འཁོར་ལོའི་དགོངས་པ་འདི་ན་སྤེལ། །

དེ་ཡང་ས་ཟླའི་བཅོ་ལྔ་ནི་དུས་ཆེན་གསུམ་འཛོམས་ཏེ། སྟོན་པ་སྐུ་འཁྲུངས་པ། སངས་རྒྱས་པ། མྱ་ངན་ལས་འདས་པའོ། །

༡༽ སངས་རྒྱས་སྐུ་འཁྲུངས་ཚེས་ནི་ས་ཟླའི་བཅོ་ལྔ་ལ་ཡིན། རྒྱ་ཆེན་རོལ་པའི་མདོ་ན་ས་ཟླའི་བཅོ་ལྔ་ལ་ལྷུམས་སུ་ཞུགས་པ་ལྟ་བུ་ཐོན་ཡང་། འདུལ་བ་ལུང་གླེང་གཞི་ན་དཔྱིད་ཟླ་ཐ་ཆུངས་ན་འཁྲུངས་པ་སངས་རྒྱས་རང་གིས་གསུངས་པས། དེ་ལྟར་ན་སངས་རྒྱས་ཞལ་བཞུགས་སྐབས་ཀྱི་དཔྱིད་ཟླ་ཐ་ཆུངས་ནི་ས་ག་ཟླ་བར་ཁེལ་ཞིང་། ས་ཟླ་ལ་ལྷུམས་སུ་ཞུགས་ན་ས་ཟླ་ལ་འཁྲུངས་པ་འདི་གཉིས་བསྡུར་ཚེ་ཡུམ་གྱི་མངལ་ན་ལོ་གཅིག་བཞུགས་དགོས་པར་འགྱུར་བས།

འདུལ་བ་དང་མདོ་སྡེ་ཐམས་ཅད་ལས་མངལ་ན་ཟླ་བ་བཅུ་བཞུགས་ཏེ་འཁྲུངས་གསུངས་པ་དང་འགལ་ལོ།།

དེས་ན་རྒྱ་ཆེན་རོལ་པ་ལས་ས་ཟླ་ལ་ལྷུམས་སུ་ཞུགས་པ་ལྟ་བུའི་འགྱུར་གོང་འོག་གཉིས་ནི། ཆུ་སྟོད་ཟླ་བའི་ཡར་ཚེས་བརྒྱད་ལ་ལྷུམས་སུ་ཞུགས་པ་དེ་མ་འོངས་པར་ས་ཟླའི་བཅོ་ལྔ་ལ་སངས་རྒྱས་པའི་དུས་ཚོད་ཁྱད་པར་ཅན་དེར་དགོངས་ནས་ཡིན་ཞེས་ཕུག་པས་བཞེད་པ་དོན་ལ་གནས། ཆུ་སྟོད་ཟླ་བར་ལྷུམས་སུ་ཞུགས་ན་གནས་བརྟན་སྡེ་པའི་གཞུང་དང་མཐུན་པར་མ་ཟད། དེ་ནས་ལོ་སོ་ལྔ་འདས་ཏེ་ལོ་ངོ་སོ་དྲུག་པར་སངས་རྒྱས་དུས་དེར་མདོ་རྒྱུད་ཚན་རིག་ཟུང་བསྡུར་གྱིས་རྟགས་མཚན་བརྒྱད་འཛོམས་དངོས་སུ་རྙེད་རྒྱུ་འདུག །

ཚུལ་འདི་ནི་གནས་བརྟེན་པ་དང་ཕལ་ཆེན་པ་དང་ཐེག་ཆེན་གྱི་མྱང་འདས་གསུམ་ག་ན་འདི་ཡི་ཁུངས་ཡོད་པ་གཞན་དུ་བྲིས་ཟིན་ཏོ། །

༢༽ ས་ག་ཟླ་བའི་ཡར་ཚེས་བཅོ་ལྔ་ལ་སངས་རྒྱས་པའི་དུས་ཚོད་ཡིན་པ་ནི་འདུལ་བ་ནས་གསང་སྔགས་བར་མང་ཆེ་བ་མཚུངས།

༣༽ མྱ་ངན་ལས་འདས་པའི་དུས་ནི་ས་ཟླའི་བཅོ་ལྔ་ལ་ཡིན་པ་ཐེག་ཆེན་གྱི་མདོ་སྡེ་སྙིང་རྗེ་ཆེན་པོ་པདྨ་དཀར་པོ་དང་། གཞན་ཡང་ལོ་ཆེན་རིན་བཟང་གིས་བསྒྱུར་བའི་མྱང་འདས་ཀྱི་མདོ་ལས་གསུངས་སོ། །

གཞན་ཡང་ས་ཟླའི་ཡར་ཚེས་བརྒྱད་དམ་དཔྱིད་འབྲིང་ཡར་ཚེས་བརྒྱད་ལ་དུས་ཆེན་གཉིས་སམ་གསུམ་འཛོམས་པའི་ཁུངས་ཀྱི་མདོ་སྡེ་དང་བསྟན་བཅོས་ཡོད།

༡༽ སྐུ་བལྟམས་པ། ༢༽ རབ་ཏུ་བྱུང་བའོ། །

དང་པོ་ནི་འགྲེལ་ཆུང་ལས་ཚེས་བདུན་ལ་སྐུ་བལྟམ་གསུངས་པ་ཚེས་བདུན་དང་བརྒྱད་ཀྱི་མཚམས་ན་ཁེལ་བས་ཚེས་བརྒྱད་ལ་ཁེལ་པ་གང་བརྗོད་ཀྱང་འགལ་བ་མེད་ལ། གཉིས་པ་ནི་རྒྱ་ཆེན་རོལ་པའི་མདོ་ན་སྐར་གནས་གསུངས་པས་དཔོག་ནུས་ཙམ་ཡོད། མྱང་འདས་རྒྱ་ནག་འགྱུར་དང་ཏིང་ངེ་འཛིན་མཆོག་དམ་པའི་མདོ་ལས་དཔྱིད་ཟླ་འབྲིང་པོའི་ཡར་ཚེས་བཅོ་ལྔ་ལ་འདས་པ་གསུངས།

འདིའི་ས་ག་ཟླ་བ་དཔྱིད་འབྲིང་ལ་བཞག་པ་མ་མཐོང་ཡང་། གལ་ཏེ་ལུགས་འདིས་དཔྱིད་འབྲིང་ས་ཟླ་ལ་བཞག་ན་ནི་དོན་གནད་ཁྱད་པར་བ་ཡོད། མྱང་འདས་འདི་རྒྱ་ནག་ལ་སྒྱུར་དུས་དེར་དོན་དངོས་དང་མཐུན་པར་དོན་སྒྱུར་བྱེད་ནས་འདས་དུས་རྗེས་དྲན་ཟླ་བ་གཅིག་སྔོན་ལ་བཏང་བའི་གནད་ཡོད་དམ་སྙམ་མོ། ། དེས་ན་དེའི་དབང་དུ་བྱས་པའི་ཚེས་བརྒྱད་ལ་དུས་ཆེན་གསུམ་འཛོམས་པ་ཡིན་ཏེ།

༡༽ སྐུ་བལྟམས་པ། ༢༽ རབ་ཏུ་བྱུང་བ། ༣༽ སངས་རྒྱས་པའོ། །

འདི་དག་གི་ཁུངས་ནི་མྱང་འདས་རྒྱ་ནག་འགྱུར་བྱང་སེམས་སེང་གེ་སྒྲ་ཡི་ལེའུ་ན་ཡོད་དོ། ། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱི་ལུང་ཕྲན་ཚེགས་འགྲེལ་པ་ལས་ཚེས་བརྒྱད་ལ་འདས་པ་གསུངས་ཀྱང་། འདི་ཡི་ཚེས་བརྒྱད་ནི་སྟོན་ཟླ་ཐ་ཆུང་ཡིན་གྱི་ས་ག་ཟླ་བ་མིན་ནོ། ། དེས་ན་པཎ་ཆེན་ཤཱཀྱ་ཤྲྀས་ཀྱང་འདི་ཉིད་ཚད་མར་བཟུང་སྟེ་སྨིན་དྲུག་ཟླ་བའི་ཡར་ཚེས་བརྒྱད་ལ་འདས་ཟླ་དང་འདས་ཚེས་བཀོད་དོ། །

མདོར་ན་ས་ཟླའི་ཡར་ཚེས་བརྒྱད་དང་བཅོ་ལྔ་ནི་དུས་ཆེན་ཧ་ཅང་བཟང་བ་མདོ་སྔགས་ཐུན་མོང་ལས་འབྱུང་བས་དམ་པའི་ཆོས་ལ་ཡིད་ཆེས་པ་རྣམས་ཀྱིས་དགེ་བར་འབད་པ་འཚལ་ལོ། །

ཞག་འགའ་ཤས་ཀྱི་སྔོན་དུ་དཔྱད་པར་འཇུག་ཆེད་རགས་ཙམ་བྲིས་ཏེ་ཚོགས་པ་ཁག་མང་པོར་བཏང་ནས་དགག་གཞག་བྱ་རོགས་ཞུས་ཀྱང་། མི་གཞི་དམའ་འབེབས་བྱེད་མཁན་རེ་གཉིས་མ་གཏོགས་འདི་ལ་མི་འགྲིགས་པ་འདི་ཡོད་ཟེར་མཁན་གཅིག་ཀྱང་མ་བྱུང་བས་ཧ་ཅང་སྐྱོ་བ་འཕེལ་ལོ། །

དེས་ན་ང་ཚོའི་སྤྱི་ཚོགས་འདིར་ད་དུང་དབང་བརྟུལ་དད་པའི་རྗེས་འབྲངས་དང་། སྐྱོ་མ་སྔར་བཙན་གྱི་རྗེས་ཟློས་འབའ་ཞིག་ལ་གོམས་འདུག་སྙམ་སྟེ། སླར་ང་རང་གིས་བྲིས་པ་ལ་ང་རང་གིས་དགག་པའི་ཚུལ་གྱིས་ལུང་དང་རིགས་ལམ་ལྡན་པ་འདི་བཀོད་དོ། ། ངག་གི་དབང་ཕྱུག་པས་རབ་གནས་ཤིང་ལུག་ས་ཟླའི་ཡར་ཚེས་བརྒྱད་མེ་གཉིས་འཕྲད་པའི་དགེ་བར་ཕན་སེམས་ཀྱིས་བྲིས་སོ། །

༄།།གསེར་ལག་རིན་པོ་ཆེ་སོགས་ཀྱིས་སངས་རྒྱས་འཁྲུངས་ འདས་དྲིས་པའི་ལན་གསལ་བར་བྱས་པ།

智慧的爱--གསེར་ལག་ནས། ངག་གི་དབང་ཕྱུག་གིས་དུས་ཆེན་གསུམ་འཛོམས་འདི་ལྟར་གསལ་བར་གསུངས་པར་བཀའ་དྲིན་ཆེ། རྒྱལ་དབང་ལྔ་པའི་གསུང་ཞིག་ན། དབོ་ཟླའི་ཚེས་བཅུར་གློ་གཡས་ནས་བལྟམས་པར་གསུངས་ཡོད་པ་དེ་ལ་དགོངས་པ་ཅི་ལྟར་འགྲེལ་ངག་གི་དབང་ཕྱུག་་་

མཐོང་བ་དོན་ལྡན་ནས། ཡིན་ཡང་སྐུ་བལྟམས་པའི་དུས་བཅོ་ལྔ་ལ་ཡིན་པའི་ཁུངས། དེ་དག་ལ་ངག་གི་དབང་ཕྱུག་ནས་ལན། དབོ་ཟླའི་ཚེས་བཅུ་ལ་བལྟམས་པའི་མདོ་རྒྱུད་ཀྱི་ཁུངས་མ་མཇལ། འོན་ཀྱང་རྒྱ་ཆེན་རོལ་པའི་འགྱུར་འཆུག་པ་དེ་ཕུག་པས་བཞེད་ལ་ཟབ་མོ་ལ་ཐུགས་ཕྱོགས་མེད་པ་འདྲ། ཆུ་སྟོད་ལ་ལྷུམས་སུ་ཞུགས་ནས་རྩིས་ན་ས་རིས་སམ་ས་ཟླ་དང་གནམ་ཟླ་དུས་འཁོར་དང་འདུལ་བ་ནས་འབྱུང་བ་ཚན་རིག་ཟུང་བསྡུར་གྱིས་རྟགས་མཚན་བརྒྱད་འཛོམས་དེ་དངོས་སུ་རྙེད་རྒྱུ་འདུག་ལགས།

དེས་ན་ང་རང་གི་ཡིག་ཆ་ལས་ཀྱང་མཁས་པ་གོང་མ་མང་པོས་བཞེད་པ་ལྟར་ས་ཟླ་ལ་ལྷུམས་སུ་ཞུགས་པ་དང་། དབོ་ཟླ་ལ་བལྟམས་རྒྱུ་ཡིན་ཡང་མཆུ་ཟླ་ལ་བལྟམས་པ་གསུངས་ཡོད་ཀྱང་ཁོ་བོས་མངོན་པར་མི་ཞེན། གང་ཞེ་ན། རང་གིས་རྒྱུ་མཚན་རྣམ་དག་མི་ཤེས་བཞིན་དུ་ཡིག་ཆ་ཙམ་གྱིས་ཁས་ལེན་ལ་འཇུག་ན། དེ་ནི་ཞེན་ཕྱོགས་ཁོ་ནར་འགྱུར་བས་ཞིབ་འཇུག་གི་ཕྱོགས་ལ་གོམ་པ་གཅིག་ཀྱང་སྤོ་མེད་པར་གསལ་བོ་ཡིན་པས་ཆེས་ཤིན་ཏུ་མི་མཛེས་སོ། །

ས་ཟླའི་ཡར་ཚེས་བརྒྱད་ལ་འཁྲུངས་པའི་ཁུངས་མྱང་འདས་གོང་དུ་དྲངས་ཡོད་ཀྱང་ཁྱིམ་ཟླའི་དབང་དུ་བྱས་པའི་ཚེས་བརྒྱད་ལ་དགོངས་པ་འོག་ཏུ་འཆད། བྱང་ཆུབ་སེམས་དཔའ་ཟླ་བ་བཅུ་ཡོངས་སུ་རྫོགས་ནས་འཁྲུངས་པ་ནི་འདུལ་བ་དང་མདོ་སྡེ་ཐམས་ཅད་མཐུན།

དེས་ན་ཆུ་སྟོད་ཟླ་བའི་ཡར་ཚེས་བརྒྱད་ལ་ལྷུམས་སུ་ཞུགས་པ་སངས་རྒྱས་ཀྱི་སྐྱེས་རབས་གླེང་གཞིའི་རྒྱུད་ཀྱི་རྩ་འགྲེལ་ལས་གསལ།

སྐབས་དེར་སྐར་མ་རྒྱལ་ཕུར་འཛོམས་པར་མ་ཟད་ཉི་མ་ཡང་སྐར་མ་རྒྱལ་དང་མཉམ་དུ་ཡོད་ལ། པ་སངས་ཐིག་ལེ་དཀར་པོ་ལྟ་བུ་ཡང་འཁྲིག་པའི་ཁྱིམ་གྱི་ཕོ་ཡི་གསང་གནས་ཐད་ན་འདུག་ཅིང་། སྤེན་པ་དམར་སྐྱ་མཐའ་སྐོར་དཀྲིས་མ་ཡུམ་གྱི་བྷ་ག་ལྟ་བུའི་ཐད་དཀྱིལ་ན་སྒོ་ང་བཞིན་དུ་མཆིས་སོ། །

འདི་འདྲའི་འཕྲད་ལུགས་ཤིན་ཏུ་དཀོན་ཤིང་སྐབས་དེར་དབྱར་ཉིན་རིང་ཤོས་ཏེ་དབྱར་ཟླ་འབྲིང་པོའི་ཡར་ཚེས་བརྒྱད་ལ་ཁེལ་འདུག ། འཁྲུངས་པའི་དུས་དང་སངས་རྒྱས་པའི་དུས་དེར་དཔྱིད་ཟླ་ཐ་ཆུང་ལ་ཁེལ་པ་འདུལ་བ་གཞུང་དམ་པའི་གླེང་གཞིའི་སྒོ་ལྔ་བའི་སྡོམ་གྱི་ཚིགས་སུ་བཅད་པ་བཞི་བ་ན་ཡོད།

དེས་ན་ཆུ་སྟོད་ཟླ་དབྱར་འབྲིང་ནས་ཁྱིམ་ཞག་སུམ་ཅུ་ཅན་བཅུ་སྟེ་ཁྱིམ་ཟླ་བཅུ་སོང་ན་དཔྱིད་ཟླ་ཐ་ཆུང་གི་ཡར་ཚེས་བཅོ་ལྔ་ལ་སླེབས་པས། སྐབས་དེར་མངལ་དུ་ཟླ་བ་བཅུ་ཡོངས་སུ་རྫོགས་ཏེ་ཚེས་ཟླ་བཅུ་དང་ཞག་པོ་དགུ་བབས་སོ། །

སྔ་ལོའི་ཆུ་སྟོད་ཟླ་བའི་ཡར་ཚེས་བདུན་དང་བརྒྱད་ཀྱི་མཚམས་ན་ལྷུམས་སུ་ཞུགས་པ་ནས་རྩིས་ན་ལོ་ཕྱི་མའི་ཁྱིམ་ཟླ་བཅུ་ཡི་ཡར་ཚེས་དྲུག་དང་བདུན་གྱི་མཚམས་ན་ཁྱིམ་ཟླ་བཅུ། ཁྱིམ་ཟླ་བཅུའི་ཡུན་གྱི་གྲངས་དེ་ཚེས་ཟླ་ལ་ཕབ་ན་ཚེས་ཟླ་བཅུ་དང་ཚེས་ཞག་དགུ་བབས་སོ། །

དེས་ན་སྔར་གྱི་ཚེས་བདུན་ནས་བཅོ་ལྔའི་བར་དུ་ཚེས་ཞག་དགུ་དང་འབྱོར་རོ། ། དེ་ལྟར་རྩིས་ན་མྱང་འདས་ལས་ཚེས་བརྒྱད་ལ་འཁྲུངས་གསུངས་པ་དེ་ཁྱིམ་ཟླའི་དབང་དུ་བྱས་པ་དང་། ནམ་མཁའི་གཟའ་སྐར་གྱི་རྟགས་མཚན་ཁྱད་པར་ཅན་དང་སྦྱར་ན་དཔྱིད་ཟླ་ཐ་ཆུང་གི་ཡར་ཚེས་བཅོ་ལྔ་ལ་ངེས་པར་འཁྲུངས་དགོས་པས། དེ་གཉིས་ལྟོ་སྦྱར་ན་འགལ་མེད་སྒྲུབ་ལུགས་ནི་དེ་ལྟར་ཡིན་ནོ། །

འོ་ན་དཔྱིད་ཟླ་ཐ་ཆུང་སྟེ་ཐ་མ་ལ་སངས་རྒྱས་པ་དང་དེ་ཡང་ས་ག་ཟླ་བ་ཡིན་པ་འདུལ་བ་ལས་གསུངས་ན་ནི། དེང་སང་ས་ག་ཟླ་བ་ནི་དཔྱིད་ཐ་ཆུང་འདས་བས་དབྱར་ཟླ་ར་བ་སྟེ་དང་པོ་ལ་ཁེལ་བས་དུས་ཆེན་འདི་གང་ཡིན་ནམ་ཞེ་ན། ས་ཟླ་སྦྱར་ན་དེང་སང་དབྱར་ཟླ་ར་བ་དང་། དཔྱིད་ཟླ་ཐ་ཆུང་ལ་སྦྱར་ན་འདི་ནས་ཟླ་བ་གཅིག་གི་སྔོན་ལ་ཁེལ་ལོ། །

དེས་ན་འདི་ཡི་དཀའ་གནད་ཕྲ་ཞིང་ཕྲ་བ་ནི་དུས་བཞིའི་འགྱུར་ལྡོག་ཆེན་མོའི་འཁོར་ཕྱོགས་ལས་དཔོག་དགོས་ལ། དེ་ཡང་དུས་ཀྱི་འཁོར་ལོའི་འཇིག་རྟེན་ཁམས་ཀྱི་ལེའུ་དང་ཡེ་ཤེས་ལེའུ་སྦྱར་ནས་དཔོག་ན་ངོ་མཚར་རྨད་དུ་བྱུང་བ་མཆིས་ཏེ་རྒྱས་པ་གཞན་དུ་བྲིས་སོ། ། འདི་ཡང་ཕལ་ཆེ་བ་སྔར་བཏང་ཟིན་ཡང་ཡིག་ནོར་དང་ཟླ་གྲངས་ལ་དོགས་ཐུབ་མཁན་མ་བྱུང་བས། ཡིད་ལ་སྐྱོ་བ་འཕེལ་བཞིན་རང་གིས་རང་ལ་དགག་པའི་ཚུལ་དུ་བྲིས་པའོ། །

དྲི་བ། མུན་སེལ་ནས། མཁས་དབང་ངག་གི་དབང་ཕྱུག ། བུ་སྟོན་ཐམས་ཅད་མཁྱེན་པ་དང་ས་སྐྱ་རྗེ་བཙུན་དང་བཀའ་གདམས་མཆིམས་འཇམ་དཔལ་སོགས་ཀྱིས་ས་རིས་ལས་གནམ་ཟླ་མ་མཁྱེན་པ་རེད་གསུངས་སོང་། ས་རིས་ཞེས་གང་ཡིན། བུ་སྟོན་ཐམས་ཅད་མཁྱེན་པས་གནམ་ཟླ་མ་མཁྱེན་ན་ས་རིས་ལ་ས་ག་ཟླ་བའི་བཅོ་ལྔ་ལ་སྐར་མ་རྒྱལ་མ་ཁེལ་བ་མཁྱེན་ཚུལ་གང་ཡིན་ནམ་གསུངས་རོགས།

ལན། མུན་སེལ་ལགས། རྗེ་བཙུན་གྲགས་རྒྱན་གྱི་གཞུང་ཞིག་ན་གནམ་ཟླ་ནི་ཆོས་ཉིད་ལས་འདས་པས་སུས་ཀྱང་མི་ཤེས་གསུངས་པ་འདྲ་བོ་ཡོད་དམ་སྙམ། མཆིམས་འཇམ་པའི་དབྱངས་ཀྱིས་ཀྱང་མཆིམས་མཛོད་ལས། དེ་ལ་མི་ཐུབ་པའི་དོན་ནི་གནམ་ཟླས་ས་ཟླའི་དོད་མ་ཐུབ་པ་ཡིན་ལ། གནམ་ཟླས་མི་ཐུབ་པའི་རྒྱུ་མཚན་ནི་ཆོས་ཉིད་ཀྱི་རིགས་པ་ཡིན་གྱི་བསམ་པའི་ཡུལ་ལས་འདས་པས་མཐའ་གཅིག་ཏུ་མི་ངེས་པའི་ཕྱིར་ཁོ་བོས་ནི་མ་དཔྱད་ལ་གཞན་གྱིས་དཔྱད་པ་རྣམས་ཀྱང་ཇི་ལྟ་བར་མི་སྣང་ངོ་། །

ཞེས་དང་། བུ་སྟོན་ཐམས་ཅད་མཁྱེན་པས་ཀྱང་རྒྱ་ཆེན་རོལ་པའི་མདོ་ཡི་ས་ཟླའི་བཅོ་ལྔར་རྒྱལ་ཕུར་འཛོམས་གསུངས་པ་དཔྱོད་དགོས་གསུངས་ཡོད་དྲན། རྒྱུ་མཚན་ནི་དཔྱིད་ཟླ་ཐ་ཆུང་གི་ཡར་ཚེས་བཅོ་ལྔ་ལ་སྐར་མ་རྒྱལ་ཕུར་འཛོམས་པ་ས་རིས་ལ་འཆར་རྒྱུ་མེད་པར་དགོངས་པས་རེད།

མདོར་ན་གནམ་ཟླ་ནི་ནམ་མཁའ་ལ་ཁྱིམ་སོ་སོའི་སྐར་གནས་ལ་ཉི་ཟླ་འཆར་ལུགས་གཞིར་བཞག་པ་ལ་ཟེར། ས་ཟླ་ནི་ས་ལ་ཁྱིམ་བཅུ་གཉིས་ཀྱི་རི་མོའི་གྲངས་ཁ་གཞིར་བཞག་ནས་གཏན་ལ་ཕབ་པ་ལ་ཟེར།

འོན་ཀྱང་སྔོན་ནས་ད་ལྟའི་བར་དུ་དཔྱིད་ཉིན་མཚན་མཉམ་དུས་ཉི་མ་ལུག་ཁྱིམ་ན་ཡོད་པ་གཞིར་བཞག་ནས་རི་མོའི་གྲངས་ཀ་ཡང་དེ་ཇི་བཞིན་བྲིས་པ་རེད།

འོན་ཀྱང་དངོས་ཡོད་ལ་སངས་རྒྱས་ཞལ་བཞུགས་སྐབས་དེར་དཔྱིད་ཉིན་མཚན་མཉམ་དུས་ཉི་མ་ལུག་ཁྱིམ་ལ་ཡོད་ཀྱང་། དེང་སང་ནི་དཔྱིད་ཉིན་མཚན་མཉམ་དུས་ཉི་མ་ཉ་ཁྱིམ་ལ་སླེབས་ཡོད། འདི་གཉིས་ར་མི་འཕྲད་ནས་རྩིས་པ་རྣམས་ཀྱི་བར་དུ་རྙོག་ཟིང་བྱུང་། རྙོག་ཟིང་འདི་མེད་པར་བྱེད་པ་ལ་རྩིས་མགོ་སྤོ་ལུགས་ལ་འགྱུར་བ་གཏང་དགོས་པ་ལས་གཞན་ཐབས་ཤེས་མི་འདུག །

དེ་ཡང་ལོ་དྲུག་ཅུ་རེའི་མཚམས་སུ་ཉིན་ཞག་རེ་མགྱོགས་རུ་གཏོང་དགོས། རྒྱུ་མཚན་གང་ཡིན་སྙམ་ན། དེ་ནི་ཁྱིམ་ཞག་རེ་ལ་དབུགས་རེ་འགྱུར་བ་འགྲོ་བར་ཧ་ཅང་བརྟན་པོ་ཡིན། དེས་ན་ལོ་གཅིག་ལ་དབུགས་སུམ་བརྒྱ་དྲུག་ཅུ་སྟེ། དབུགས་རེ་ལ་སྐར་ཆ་བཞི་རེ་ཐོབ་པས་ལོ་གཅིག་ལ་སྐར་ཆ་༡༤༤༠་བབས།

དེ་ལོ་དྲུག་ཅུ་ལ་བསྒྱུར་ན་སྐར་ཆ་༨༦༤༠༠་སྟེ། ཆུ་ཚོད་ཉེར་བཞི་ཏག་ཏག་འགྱུར་བ་འགྲོ་བ་འདི་ཐུགས་ལ་བཞག་ནས་རྩིས་མགོ་རྟག་པ་ལྟར་མི་བཞག་པར་མི་རྟག་པ་སྟེ་ཉིན་ཞག་གཅིག་འགྱུར་བ་བཏང་ནས་སྤོ་དགོས། དེ་ལྟར་མ་བྱུང་ན་གང་མཚམས་ནས་དབྱར་ཀ་དགུན་ཁ་དང་དགུན་ཁ་དབྱར་ཀར་བབ་པའི་རྩིས་རེད་ངེས་ཡིན།

1×4×360 = 1440×60 = 86400÷60 = 1440÷60 = 24

དྲི་བ། ༢༽ དཔྱིད་ཉིན་མཚན་མཉམ་པའི་ཟླ་བ་རྗེས་མ་ཞེས་པའི་དོན་གང་ཡིན་ལན་ཞིག་བཀའ་དྲིན་ཆེ།

ལན། སངས་རྒྱས་ཞལ་བཞུགས་སྐབས་ཀྱི་ས་ག་ཟླ་བ་དེ་དཔྱིད་ཉིན་མཚན་མཉམ་པའི་ཟླ་བ་རྗེས་མ་དེར་ཁེལ་བ་ཡིན་ཞེས་པའི་དོན་རེད། འོན་ཀྱང་དེང་སང་ས་ག་ཟླ་བ་དཔྱིད་ཟླ་གསུམ་ག་ལ་མི་ཁེལ་བ་དབྱར་ཟླ་ར་བ་ལ་ཁེལ་འདུག །

འགྱུར་བ་འདི་ལྟར་འགྲོ་ལུགས་གོང་དུ་རྒྱུ་མཚན་བཅས་བྲིས་པ་དང་བཤད་པ་དེ་རེད།

གངས་རིའི་གཞོན་ནུ་ནས། ངག་གི་དབང་ཕྱུག་ལགསུ་ཞུ་དོན། ས་ག་ཟླ་བ་དེ་ཁག་ཅིག་གི་འཇིག་རྟེན་ལུགས་ཀྱི་བོད་ཟླ༣ ཚེས༡༦ ནས་བརྩི་བཞིན་འདུག་ལ་ཡང་ཁ་ཅིག་གིས༤ ་༡ ནས་རྩི་བཞིན་འདུག་པས་འདི་གང་འཐད་ཆེ་དེ་ལ་རྒྱུ་མཚན་ཅི་ཡོད།

ལན། འདི་ནི་ངག་ཐོག་ལ་ཞུས་ཟིན། སྔོན་ཁྲི་སྲོང་ལྡེའུ་བཙན་གྱི་ཡུམ་གྱིས་ལོ་ཐོ་བཀོད་དུས་ཟླ་བ་གཅིག་འཁྲུགས་བཅུག་པ་ཡིན། ཞེས་ཟུར་མཁའ་བློ་གྲོས་རྒྱལ་པོ་སོགས་ཀྱི་གཞུང་ན་ཡོད། རྒྱུ་མཚན་ནི་སྐབས་དེར་བོད་ཀྱིས་རྒྱ་ལ་དམག་གིས་གནོད་པར་བྱེད་པ་ལམ་སློང་མི་འགྲོ་བའི་ཆེད་དུ་ཚེས་ཟླ་གཅིག་འཁྲུགས་བཅུག་པ་རེད་ཟེར། འདི་དང་དེང་སང་དངོས་ཡོད་འདི་དང་དེང་སང་དངོས་ཡོད་འདྲ་བོ་ཡོད་ཀྱང་སྟབས་ཁེལ་པ་རེད་འདུག་མ་གཏོགས། ལོ་དྲུག་ཅུ་རེའི་མཚམས་དེར་འགྱུར་བ་དམིགས་བསལ་གཏོང་ལུགས་མི་འདུག་པས་དོན་ལ་ནོར་བ་གཅིག་མཚུངས་རེད་འདུག ། རྒྱས་པ་གཞན་དུ་བྲིས་ཟིན་ཏོ། །

བློ་མཐུན་ག་གེ་མོ་ནས། ངག་གི་དབང་ཕྱུག ། རྒན་ལགས་ལ་བཀའ་འདྲི་ཞུ་ཡ་ལ་ཚེས་བཅུ་དང་བརྒྱད། བཅོ་ལྔ།ཉི་ཤུ་ལྔ།གནམ་གང་སོགས་ལ་དགེ་སྦྱོང་བྱེད་ན་ཕན་ཡོན་ཆེན་པོ་དང་སྡིག་པ་བྱེད་ན་ཉེས་མིག་ཆེན་པོ་ཡོད་རེད་གསུངས་མཁན་འགའ་ཤས་འདུག། དེའི་སྐོར་ལ་བཀའ་སློབ་ཅིག་གནང་རོགས།

ལན། བློ་མཐུན་ག་གེ་མོ་ལགས། ཚེས་བཅུ་ནི་ཡར་ངོའི་བཅུ་དང་། ཉེར་ལྔ་ནི་མར་ངོའི་ཚེས་བཅུ་ལ་སྔགས་ལུགས་མ་རྒྱུད་ཀྱིས་དུས་ཁྱད་པར་ཅན་རྩིས་འདུག ། ཚེས་བརྒྱད་དང་བཅུ་བཞི་བཅོ་ལྔ་གསུམ་ལ་ནི་རིམ་པ་བཞིན་དུ། བརྒྱད་ལ་ལྷ་ཡི་འཁོར་དང་། བཅུ་བཞི་ལ་ལྷ་ཡི་སྲས་སྲས་མོ། ཚེས་བཅོ་ལྔ་ལ་ལྷ་བརྒྱ་བྱིན་དངོས་འཛམ་གླིང་ལ་བྱོན་ནས་མི་རྣམས་ཀྱིས་དགེ་བའི་ལས་ལ་འབད་ཀྱིན་ཡོད་མེད་རྟོག་པར་བྱེད། གལ་ཏེ་དགེ་བ་ལ་འབད་ཀྱིན་ཡོད་ན་སྲུང་སྐྱོབ་དང་ཡི་རང་གནང་ལ། དེ་ནི་དགེ་བ་རླབས་པོ་ཆེ་གསོག་ཟེར། རྒྱུ་མཚན་ནི་ལྷ་རྣམས་བསོད་ནམས་ཆེ་བས། ཁོང་རྣམ་པས་ཡི་རང་བྱུང་ན་དགེ་བ་འཕེལ་འགྲོ་གསུངས། འདི་དག་མོད་གལ་བུས་བསྡུས་པའི་གདགས་པ་ན་ཡོད། འདི་ནི་ཡར་ངོ་དང་མར་ངོ་གཉིས་ཀ་ལ་ཡིན་པས། ཚེས་ཉེར་གསུམ་དང་ཉེར་དགུ་གནམ་གང་གསུམ་ཡང་མར་ངོའི་ཚེས་བརྒྱད་དང་བཅུ་བཞི་བཅོ་ལྔར་ཁེལ་ཡོད་པ་རེད་ལགས།

མདོར་ན་གུས་པས་ནུས་པ་གང་ཡོད་ཀྱིས་ཞིབ་འཇུག་བྱས་པ་འདི་དག་གིས་མ་འོངས་པར་ནང་པ་ཐམས་ཅད་གཅིག་གྱུར་འབྱུང་བའི་རེ་བ་གདེང་ཁེལ་བ་ཡོད་དོ། །

དགོས་པའི་དབང་གིས་འདིར་སྨྲས་པ།

ལ་ལས་གཞན་གྱི་རྩོམ་ཆོས་བཤུས་པར་བྱས། །

གཞན་དག་མ་བརྟགས་གྲགས་པའི་རྗེས་སུ་འཇུག །

བཀའ་བསྟན་ཁུངས་མ་ཞིབ་རྩིས་ཉིང་ཁུ་འདི། །

ངག་གི་དབང་ཕྱུག་རང་གི་སྟོབས་ཀྱིས་སྦྱར། །

འགའ་ཞིག་རང་གི་རྣམ་དཔྱོད་དམན་པའི་མཐུས། །

ས་ཟླར་ལྷུམས་སུ་ཞུགས་ནས་ས་ཟླར་འཁྲུངས། །

ད་དུང་ཟླ་བ་བཅུ་ནས་འཁྲུངས་ཟེར་བ། །

ལོ་གཅིག་ཟླ་བ་བཅུ་འདོད་སྔོན་མེད་གཏམ། །

ད་དུང་གཏད་སོ་མེད་པའི་བབ་ཅོལ་ལ། །

འགལ་འདུ་གྲངས་ལས་འདས་ཤིག་བཤུས་པ་ནི། །

རྒྱལ་ཁྲིམས་མེད་པའི་ལུང་ཁུག་རང་སྣང་སྟེ། །

ཁྲིམས་ལུགས་ལག་བསྟར་ཡོད་ན་བཙོན་དང་ཉེ། །

དེ་ལྟར་ན་ཡང་སྙིགས་མའི་རང་མདངས་ལ། །

ངོ་ཚ་མེད་རྣམས་ཟློས་གར་ཁྲབ་པ་ན། །

རྣམ་དཔྱོད་ལྡན་པས་རང་རྩོམ་ཕ་ལམ་ནོར། །

གནད་བསྡུས་སྤེལ་ཚེ་མཁས་དགུ་ཡིད་དབང་འཕྲོག །

དུས་འཁོར་དང་ཚན་རིག་སྦྱར་བའི་རྩིས་རིས་ཉི་མའི་ཁྱིམ་རྒྱུད་གསལ་ བའི་མེ་ལོང་ཞེས་བྱ་བ་བཞུགས་སོ།།

ལོ་གཅིག་གི་ཡུན་གྱི་ཆུ་ཚོད་ལ་རྡུལ་ཕྲ་རབ་ཁྱད་ཕྱིན་ཆེན་པོ་དགུ་དང་ཕྱེད་ལས་མང་བ་ཡོད་ཅིང་། དེས་ན་ནང་གཞུང་ལས་བྱུང་བའི་ཕྲ་རབ་ནི་ཚན་རིག་ལས་བྱུང་བ་དང་བཅུ་ལོག་ལས་མང་བ་ཕྲ་བ་ནི་རྩིས་རིས་ནི་གཤམ་གསལ།

དེ་ཡང་འཛམ་གླིང་གི་ལྟེ་བ་གནས་མཆོག་རྡོ་རྗེའི་གདན་གྱི་དབང་དུ་བྱས་ན། ཉིན་ཞག་གཅིག་གི་ཡུན་ལ་དབུགས་འབྱུང་རྔུབ་གཉིས་གཅིག་ཏུ་བསྡོམས་པས21600། དེ་འབྱུང་འཇུག་གཉིས་སུ་ཕྱེ་ན43200ཏག་ཏག་ཡིན།

དེས་ན་ཉིན་ཞག་ནི་འཛམ་གླིང་རང་འཁོར་དབང་གིས་ཡིན་ལ། འཛམ་གླིང་རང་འཁོར་གཅིག་སྟེ་ཉིན་ཞག་གཅིག་གི་ཡུན་ལ་དབུགས་འབྱུང་འཇུག43200དེ་དང་སྤྱི་ལེ་གྲངས་ཀ་སྦྱར་དགོས་པ་རེད་འདུག་པས་ན། འཛམ་གླིང་གོ་ལ་འདི་ཡི་མཐའ་སྐོར་རིང་ཚད་ལ་སྤྱི་ལེ43200ཏག་ཏག་བབས།

དེས་ན43200དེ་ཉིད་ཉིན་ཞག་གཅིག་གི་སྐར་མ1440ལ་བགོ་ན།

སྐར་མ་རེ་ལ་སྤྱི་ལེ་༣༠རེ་རང་འཁོར་རྒྱབ་འགྲོ་བ་རྩིས་ཀྱི་རི་མོས་ཤེས།43200དེ་ཆུ་ཚོད་ལ་བགོ་ན1800རེ་བབས་པ་དེ་ནི་དུས་ཀྱི་འཁོར་ལོའི་ཐུན་ཚོད24ཡི་ཆ་ཤས་རེ་ཏག་ཏག་ཡིན་ནོ། །

དེ་ནས་ཁྱིམ་ཞག་ནི་གཞན་འཁོར་དབང་གིས་ཡིན་པས་ན། འཛམ་གླིང་རང་འཁོར་གྱི་ཞག་གཅིག་གི་ཡུན་ཚད་སྤྱི་ལེ43200དེ་ཁྱི་ཞག་གཅིག་གི་དབྱུགས་འབྱུང་རྔུལ21915ལ་བསྒྱུར་ན་ལོ་གཅིག་གི་འཛམ་གླིང་འཁོར་ཡུལ་ལ་སྤྱི་ལེ946728000ཏག་ཏག་ཡོད།

དེ་ཉིད་ཁྱིམ་ཞག360ལ་བགོ་ན་ཁྱིམ་ཞག་རེ་ལ་སྤྱི་ལེ2629800ཡིན་ལ། དཔག་ཚད་ལ་སྦྱར་ན་ཁྱིམ་ཞག་རེ་ལ350640ཏག་ཏག་ཡིན།

དེ་ཡང་ཁྱིམ་ཞག་གཅིག་གི་དབུགས་འབྱུང་རྔུབ21915ལ་བགོ་ན་དབུགས་འབྱུང་རྔུབ་རེའི་ཡུན་ལ་སྤྱི་ལེ120བབས་ཤིང་། དབུགས་འབྱུང་བའི་ཚེ་ལ་སྐར་ཆ་གཉིས་དང་། འཇུག་པའི་ཚེ་ལ་སྐར་ཆ་གཉིས་ཏེ་སྐར་ཆ་4རེ་ཡིན་ལ།120དེ་ཉིད་སྐར་ཆ་བཞི་ལ་བགོ་ན་སྐར་ཆ་རེ་ལ་སྤྱི་ལེ30ཏག་བབས་ཤིང་།120དེ་དཔག་ཚད་ལ་བགོ་ན་དབུགས་འབྱུང་རྔུབ་རེའི་ཡུན་ལ་དཔག་ཚད16ཏག་ཏག་ཡིན་ནོ། །

མདོར་ན་འཛམ་གླིང་རང་འཁོར་གྱི་ཡུན་ཚད་དང་གཞན་འཁོར་གྱི་ཡུན་ཚད་གཉིས་ཀྱི་བར་དུ་མགྱོགས་ཚད་བརྡབ60རེའི་ཁྱད་པར་འབྱུང་ལ། གཞན་འཁོར་སྐར་ཆ་རེའི་ཡུན་ལ་སྤྱི་ལེ30པོ་དེ་ལ་སྐར་མ་རེའི60ལ་བསྒྱུར་ན། སྐར་མ་རེ་ལ་འཛམ་གླིང་གཞན་འཁོར་སྤྱི་ལེ1800རེ་བབས་ཤིང་། རང་འཁོར་དང་སྦྱར་ཚེ་ཐུན་ཚོད་གཅིག་ཏག་ཏག་ཡིན་པས་འདི་ནི་དུས་འཁོར་གྱི་ཐུན་ཚོད24ཆ་ཤས་གཅིག་གི་ཡུན་ཚད་དང་ཤིན་ཏུ་འབྱོར་བ་ཡིན།

དེས་ན་ཞག་གཅིག་གི་ཐུན་ཚོད་རེ་ལ་དེང་གི་ཆུ་ཚོད་རེ་དང་། དབུགས་འབྱུང་རྔུབ་ལ་སྦྱར་ན་དབུགས900རེ་ཡིན་ཞིང་། འདི་གཉིས་ལ་བསྒྱུར་ན་དབུགས1800རེ་ལ་འཕོ་བ་རེ་འབྱུང་བས་ཉི་མ་དང་འཛམ་གླིང་འཁོར་བསྐྱོད་འབྱུང་བཞིའི་འཕྲད་འདུ་དབང་གིས་ནང་གི་འཕོ་བ12འབྱུང་ལུགས་ནི་དེ་ལྟར་ཡིན་ནོ། ། འདིར་སྐར་ཆ་རེ་ལ་དུས་མཐའི་སྐད་ཅིག་མ3037173877248000 རེ་ནི་འོག་ཏུ་གསལ།འོ་ན་སྔར་དུས་མཐའི་སྐད་ཅིག་མ་རེའི་ཡུན་ལ་གང་བབས་དང་འདི་གཉིས་བརྡབ་ལོག་འཕར་བས་མི་རིགས་ཤེས་ན།

དེ་ནི་ཚངས་ཐིག་གི་རིང་ཚད་ཚངས་ཕྱེད་ལ་རྩིས་པའི་མཐའ་སྐོར་རྩིས་ལུགས་པའི་དབང་དུ་བྱས་པ་ཡིན་ལ།འདི་ནི་མཐའ་སྐོར་རིང་ཚད་ཚངས་ཐིག་གིས་སུམ་འགྱུར་སོགས་བསྒྱུར་དགོས་པ་སོ་སོ་རང་གིས་རྙེད་པ་ཡིན་པས་སྐྱོན་མེད་པ་སྐབས་གཞན་དུ་བྲིས་པ་དང་བཤད་ཟིན་པ་ཡིན་ནོ། ། དེ་དག་གི་རྩིས་ཀྱི་རི་མོ་ནི་གཤམ་གསལ།

21600×21915×2=946728000÷360 = 2629800÷21915 = 120÷4 = 30×4 = 120÷7.5 = 16

འཛམ་གླིང་ནས་ཉི་མའི་བར་གྱི་རིང་ཚད་ལ་སྤྱི་ལེ་དེ་འོད་ཀྱི་མགྱོགས་ཚད་ལ་སྐར་མ8/ དང་སྐར་ཆ22.25 ལྷག་ཡོད་པའི་རྩིས་རིས་གཤམ་གསལ།

16×21915×360×7.5 = 946728000÷π = 301352881.927007774883607583048737405604÷2 = 150676440.9635038874418037915245÷300000 = 502.25480321167962480601263841333333333÷60 = 8.3709133868613270801002106402166666666−8 = 0.37091338686132708010021064×60 = 22.2548032116796248060126384

ལོ་གཅིག་གི་ཡུལ་གྱི་ཆུ་ཚོད་ལ་རྡུལ་ཕྲ་རབ་ཁྱད་ཕྱིན་ཆེན་པོ་དགུ་དང་ཕྱེད་ལས་མང་བ༼ 95850291879024721920000༽ འདི་ཡོད་དོ།།

དེས་ན་ནང་གཞུང་ལས་བྱུང་བའི་རྡུལ་ཕྲ་རབ་ནི་ཚན་རིག་ལས་བྱུང་བ་དང་ལྡབ་བཅུ་ལོག་ལས་ལྷག་པར་ཕྲ་བ་ནི་རྩིས་རིས་གཤམ་གསལ།

21600×21916×2 = 946771200

946771200÷7.5 = 126236160

126236160×1977326743×96×4000 =

= 95850291879024721920000

95850291879024721920000÷360 =

266250810775068672000÷21916 =

12148695508992000÷4 =

3037173877248000÷30 =

101239129241600÷1000 =

101239129241.6÷10000000000 =

10.12391292416−10 =

0.12391292416×10000000000 = 1239129241.6

ཚུལ་འདི་ལས་སེ་གོལ་རེའི་ཡུན་ལ་དུས་མཐའི་ཅིག་མ( 3037173877248000 )འོ་ན་སེ་གོལ་རེའི་ཡུན་ལ་དྲུག་བཅུ་རེ་ལྔ་ཞེས་ཡོངས་གྲགས་མིན་ནམ་ཟེར་ན། དེ་ནི་ཁ་ཅིག་གི་འདོད་པ་ཡིན་པ་མཛོད་རང་འགྲེལ་ན་གསལ་ལོ། །

འདི་ནི་འཛམ་གླིང་མགྱོགས་ཚད་དབང་དུ་བྱས་ཏེ་སྐར་ཆ་རེ་ལ་དུས་མཐའི་སྐད་ཅིག་མའི་གྲངས་གནས་བཅུ་དྲུག་སྟེ། ༼ 3.037.173.877.248.000༽ འདི་ལྟར་ཡོད་དོ། །འོད་ཀྱི་མགྱོགས་ཚད་དང་འཛམ་གླིང་མགྱོགས་ཚད་བསྡུར་ན་འོད་ཉིད་འཛམ་གླིང་ལས་བརྡབ་ཆིག་ཁྲི་ཏག་ཏག་མགྱོགས་སོ། ། རྩིས་ཀྱི་རི་མོ་གཤམ་གསལ།

21915×16×36×1977326743×96×4000 = 9.584591834864148e+21

9584591834864148480000÷3155.76 = 3037173877248000000

3037173877248000000÷101239129241600 = 30000

30000÷30 =10000

དེས་ན་འོད་ཀྱི་མགྱོགས་ཚད་དབང་དུ་བྱས་ན།སྐར་ཆ་གཅིག་གི་ཡུན་ལ་དུས་མཐའི་སྐད་ཅིག་མའི་གྲངས་གནས་བཅུ་དགུ་སྟེ།

༼ 3.037.173.877.248.000.000 ༽ འདི་ལྟར་ཡོད་དོ། །

ཁྱིམ་རེ་ལ་སྤྱི་ལེ་ཇི་ཙམ་ཡོད་དང་། དབུགས་དང་སྐར་ཆ་རེ་ལ་སྤྱི་ལེ་ཇི་ཙམ་འབྱུང་བའི་རི་མོ་ནི།

43200×21915 = 946728000÷12 = 78894000÷30 = 2629800

དངོས་ཡོད་གནས་ཚུལ་གྱི་འགྲོས་སམ་གནས་འགྲོས་ཀྱི་ཁྱིམ་བཅུ་གཉིས་པོའི་ཁྱིམ་རེ་ལ་དཔག་ཚད་ཇི་ཙམ་ཡོད་དང་། ཁྱིམ་ཞག་སུམ་ཅུ་པོ་རེ་ལ་དཔག་ཚད་ཇི་ཙམ་ཡོད་དང་། དབུགས་རེ་ལ་དཔག་ཚད་ཇི་ཙམ་ཡོད་དང་། དབུགས་འབྱུང་རྔུབ་གཉིས་ཀྱི་ནང་ཚན་རེ་ལ་དཔག་ཚད་ཇི་ཙམ་ཡོད་སོགས་གཤམ་གསལ་རི་མོ།

16×21915×360=126230400÷12 = 10519200÷30 = 350640÷21915 = 16÷2=8 དེ་ནི་མངོན་པའི་ལུགས་སོ། །

དུས་འཁོར་ལུགསཀྱི་གནས་འགྲོས་དབང་དུ་བྱས་ན་ཁྱིམ་རེ་ལ་དཔག་ཚད་ས་ཡ་ལྔ་འབུམ་ལྔ་ཁྲི་དགུ་སྟོང་དྲུག་བརྒྱ་རེ་ཡོད་པའི་རི་མོ་གཤམ་གསལ།

21600×21915×2 = 946728000÷7.5 = 126230400÷2 = 63115200÷12 = 5259600÷21915 = 240

240÷4 = 60

སྣང་འགྲོས་ཀྱི་ཁྱིམ་རེ་ལ་དཔག་ཚད་ཇི་ཡོད་སོགས་གཤམ་གསལ་རི་མོ་ལས་ཤེས།

43200÷7.5 = 5760÷12 = 480÷30 = 16

འདི་ནི་ངག་གི་དབང་ཕྱུག་པས་རབ་གནས་མེ་མོ་བྱ་ལོའི་སྟོན་ཉིན་མཚན་མཉམ་སྐབས་སུ་རྩིས་སོ། ། དེ་དག་ནི་མངོན་པ་མཛོད་ལུགས་སོ། །

དུས་འཁོར་ལུགསཀྱི་སྣང་འགྲོས་དབང་དུ་བྱས་ན་ཁྱིམ་རེ་ལ་དཔག་ཚད་ཉིས་བརྒྱ་བཞི་བཅུ་རེ་ཡོད་པའི་རི་མོ་གཤམ་གསལ།

43200÷7.5 = 5760÷2 = 2880÷12 = 240

ལོ་གཅིག་ལ་ཚོད་21915 ཡོད་ཅིང་། དུས་འཁོར་གྱི་ཆུ་ཚོད་དང་མཛོད་ལུགས་ཆུ་ཚོད་ལ་མི་འདྲ་བ་མེདདོ། །

  • ལེ་ཚན་སྔོན་མ།:སྐྱེས་རབས་དཔག་བསམ་འཁྲི་ཤིང་གི་གྲས་ཐང་ལས་བྱུང་བའི་སྒར་གསར་ལུགས་ཀྱི་ཁྱད་ཆོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།