ད་ནས་ཡར་བརྩིས་པའི་མི་ལོ390ལྷག་གི་ཡར་སྔོན་ནས་བྱུང་བའི་དགོན་སྡེའི་སློབ་གསོའི་དཔེ་མེད་ཀྱི་ལུགས་བཟང་སྟེ་དགེ་ལུགས་རྒྱུགས་སྤྲོད་ཆེན་པོའམ་དགེ་བཤེས་ལྷ་རམས་པའི་དམ་བཅའ་ཞེས་པ་འདི་ཉིད། པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་དགའ་ལྡན་གསེར་ཁྲི་རིན་པོ་ཆེའི་ཁྲི་ཚབ་གནངས་སྐབས། ཕྱི་ལོ1913ལོ་ནས་མུ་མཐུད་ལོ་ངོ་དྲུག་གི་རིང་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་ཤིང༌། སེ་འབྲས་དགེ་གསུམ་གྱི་སློབ་གཉེར་ཐོན་པའི་དགེ་བཤེས་ཆུ་ཚད་མཐོ་ཤོས་རྣམས་ལྷ་ས་སྨོན་ལམ་ཆེན་མོར་དམ་བཅའ་འཇོག་རྒྱུ་དང༌། ཨང་རིམ་བྱ་དགའ་གནང་རྒྱུ་སོགས་དགེ་བཤེས་ལྷ་རམས་པའི་ལུགས་སྲོལ་ཐོག་མར་གསར་གཏོད་གནང་ནས་དེ་སྔའི་དགོན་སྡེའི་སློབ་གསོར་སྐུལ་མ་དང་བཅས་ཡར་རྒྱས་ཀྱི་ལམ་དུ་ཤར་བསྐྱོད་ཀྱིས་ནང་བསྟན་དར་རྒྱས་དང་བོད་ཀྱི་རིག་གཞུང་གོང་སྤེལ་སོགས་ཀྱི་ཐད་ལོ་རྒྱུས་རིང་ཞིང་གཡུར་ཟའི་འབྲས་བཟང་བླངས་པའི་སློབ་གསོའི་བྱེད་སྒོ་ཁྱད་པར་བ་ཞིག་ཡིན་མོད། འོན་ཀྱང༌། སྐབས་དེར་བོད་ཆོལ་ཁ་གསུམ་ཕན་ཚུན་བར་འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཀྱིས་མདོ་ཁམས་ཕྱོགས་ཀྱི་སློབ་གཉེར་བ་མང་བོས་ལྷ་ལྡན་རམས་འབྱམས་པའི་རྒྱུགས་སྤྲོད་ཀྱི་གོ་སྐབས་ལེན་ཐུབ་ཡོད་མེད་ལ་མ་ལྟོས་པར། བོད་གཞིས་བྱེས་གཉིས་སུ་མ་གྱར་བར་དུ་སློབ་གཉེར་གྱི་རིམ་པ་འདི་བརྒྱུད་མཁས་གྲུབ་ཀྱི་གོ་འཕང་མཐོན་པོར་གཤེགས་མཁན་ནི་མདོ་དབུས་ཁམས་གསུམ་གང་སར་ཁྱབ་སྟེ་མི་རིགས་སྤྱིའི་རིག་གཞུང་ལ་གཅེས་སྐྱོང་དར་སྤེལ་དང་དགོན་སྡེའི་སློབ་གསོའི་ལས་རིམ་གོང་སྤེལ་བྱེད་མུས་ཀྱི་སྐབས་སུ། དྲག་དཔུང་གི་སྟོབས་ཤུགས་དང་ངན་གཡོའི་ཐབས་བྱུས་ལ་མ་གོམས་པའི་བོད་མི་རིགས་འདིས་གཞན་གྱི་བཙན་གནོན་འོག་གི་མནར་གཅོད་མྱང་དགོས་བྱུང་བ་མ་ཟད། ཡབ་མེས་དམ་པའི་རིང་ནས་རིམ་བརྒྱུད་ཀྱི་ཟླ་བྲལ་གཙུག་ལག་ཀུན་དང༌། ཕྱོགས་སུ་ཁྱབ་པའི་ནང་བསྟན་རིག་གཞུང་དང་འབྲེལ་བའི་སས་གྲུབ་སྐུ་འབུམ་ཡན་ན་ཉམས་ཉེས་ཆེས་ཆེར་བྱུང་དབང་གིས་གོང་ནས་རིམ་ཅན་དུ་བཤད་ཟིན་པ་བཞིན། རྐྱེན་ངན་གྲོགས་ཤར་ལྟ་བུའི་གོ་སྐབས་ཀྱང་རེ་ཟུང་བྱུང་ཡོད་པ་དག་ལས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་འདིར་སྔར་ལས་ཡར་རྒྱས་ཆེས་ཆེར་བྱུང་སྟེ། དེང་གི་ཆར་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་འདིར་ཞུགས་མཁན་དག་ལ་རྩ་བའི་གཞུང་དོན་སློབ་གཉེར་གྱི་རྨང་གཞིའི་ཆ་རྐྱེན་ལྡན་ཡོད་ཚེ། ཤར་ནུབ་རྒྱལ་ཁབ་དང༌། ཕོ་མོ། གྲྭ་བཙུན། ཆོས་བརྒྱུད། སྐྱ་སེར་སོགས་ལ་དབྱེ་བ་མེད་པར་ཞུགས་འཐུས་ཀྱི་སྒྲིག་གཞི་བཟོས་ཏེ་ལམ་ཁ་ཡོད་པར་བྱས་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ཆེན་པོ་དང་མཐུན་པར་བྱས་ཡོད་ཀྱང༌། ད་ལྟའི་ཆར་རི་བོ་དགེ་ལུགས་པའི་གཞུང་ཆེན་སློབ་གཉེར་བྱེད་མཁན་དག་ལས་གཞན་ཞུགས་མཁན་མ་བྱུང་སྐད་དུ་འདུག
དེ་སྔ་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་མཚོན་ན་འབྲས་སྤུངས་སྒོ་མང་གྲྭ་ཚང་དང༌། བློ་གསལ་གླིང༌། བདེ་ཡངས། སེ་ར་བྱེས། སེ་ར་སྨད། དགའ་ལྡན་ཤར་རྩེ་དང་བྱང་རྩེ་བཅས་གྲྭ་ཚང་བདུན་ནས་ཕེབས་པའི་སློབ་གཉེར་ལ་ལེགས་གྲས་དགེ་བཤེས་དག་ལས་ལྷ་རམས་པའི་དམ་འཇོག་གི་ཐོབ་ཐང་མེད་པ་མ་ཟད། མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་ཆེ་ཆུང་ཡོངས་ནས་ཕེབས་པའི་སློབ་གཉེར་བ་དག་མཉམ་འཛོམས་ཀྱིས་རྒྱ་བོད་གཞུང་ལུགས་ལ་བགྲོ་གླེང་བྱེད་པའི་གོ་སྐབས་ཀྱང་ཁྱོན་ནས་འབྱུང་དཀའ་བ་བཞིན། བོད་ཀྱི་ལོ་རྒྱུས་སྟེང་བྱུང་མྱོང་མེད་པའི་དགོན་སྡེའི་སློབ་གསོའི་ཡར་རྒྱས་ཀྱི་རིམ་པ་འདི་ནི་ཤིན་ཏུ་ནས་སྨོན་པའི་ཡུལ་དང༌། རྒྱལ་སྤྱིའི་ཡུལ་གྲུ་གང་དུ་ཡང་མ་དར་བའི་སློབ་གཉེར་བྱེད་སྟངས་ཐུན་མོང་མ་ཡིན་པ་ཞིག་ཏུ་གྲུབ་ཡོད།
དེ་ལྟར་ཐུན་མོང་མ་ཡིན་པ་ཞིག་ཏུ་གྱུར་ཡོད་ཚུལ་ཡང་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་འདིས་གསལ་བར་བྱས་ཡོད་སྟབས། འདིར་ལོ་ངོ་དྲུག་གི་རིང་ཐུན་མིན་རྒྱ་བོད་གཞུང་ཆེན་བཀའ་པོད་ལྔ་དང༌། ཐུན་མོང་རིག་གནས་ཀྱི་ལོ་རེའི་སློབ་ཚན་དག་ལ་རྒྱུགས་སྤྲོད་བྱེད་སྟངས་ངོ་སྤྲོད་རོབ་ཙམ་བྱས་ན། རྒྱུགས་སྤྲོད་འདི་བཞིན་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་པོ་ཞེས་པའི་མཚན་ཐོག་ནས་གདན་ས་གསུམ་གྱི་མཁས་མང་ལྷན་འདུས་ཀྱི་ཚོགས་པ་ཞིག་གི་ངོ་བོའི་སྟེང་སྟངས་འཛིན་བྱེད་ཀྱི་ཡོད་ཅིང༌། བཀའ་རམས་གཞུང་ལུགས་འཛིན་པའི་ལོ་རིམ་གཉིས་པའི་བར་ཡིག་ཚད་མ་འཕྲོད་པས་བསྐྱར་རྒྱུགས་གཏོང་དགོས་མ་བྱུང་ཚེ། རྒྱུགས་སྤྲོད་མཇུག་རྫོགས་མཚམས་བར་ལོ་ངོ་དྲུག་འགོར་གྱི་ཡོད། དེ་ལ་ཡང་རྒྱུགས་སྤྲོད་སྤྱིའི་ལོ་རིམ་དང་པོའམ་བཀའ་རིམ་ལོ་རིམ་དང་པོ་གཞུང་ལུགས་འཛིན་པའི་བྲིས་རྒྱུགས་ལ། ཐུན་མོང་བོད་ཀྱི་སྐད་ཡིག《སྤྱིར་བཏང་ཤེས་བྱ》། དམིགས་བསལ་བོད་ཀྱི་སྐད་ཡིག《དགེ་ལྡན་ཆོས་འབྱུང》(སྟོད)དང༌། དྲི་ཤོག་གི་ཨང་རིམ་བཞིན་དང་པོ་ཕར་ཕྱིན། གཉིས་པ་ཕར་ཕྱིན། གསུམ་པ་དབུ་མ། བཞི་བ་མཛོད། ལྔ་བ་འདུལ་བ། དྲུག་པ་རྣམ་འགྲེལ། ཞར་བྱུང་སློབ་ཚན་སུམ་ཅུ་བ། རྩོད་རྒྱུགས་ཀྱང་ཨང་རིམ་བཞིན་དང་པོ་ཕར་ཕྱིན། གཉིས་པ་དབུ་མ། གསུམ་པ་མཛོད། བཞི་བ་འདུལ་བ། ལྔ་བ་རྣམ་འགྲེལ་བཅས་སོ་སོའི་ཡིག་ཆ་ལྟར་གཞུང་བཀའ་པོད་ལྔའི་སྟོད་ཆའི་ཐད་རྟགས་བསལ་སྐར་མ་བཅོ་ལྔའི་རིང་གཏོང་དགོས་ཤིང༌། ལན་འདེབས་ཀྱང་སྐར་མ་བཅོ་ལྔའི་རིང་བྱེད་དགོས་ཀྱི་ཡོད་འདུག
སྤྱིའི་ལོ་རིམ་གཉིས་པ་བཀའ་རམས་གཞུང་ལུགས་འཛིན་པའི་ལོ་རིམ་གཉིས་པའི་བྲིས་རྒྱུགས་ལ། དྲི་ཤོག་དང་པོ་ཐུན་མོང་བོད་ཀྱི་སྐད་ཡིག《སྤྱིར་བཏང་ཤེས་བྱ》། གཉིས་པ་དམིགས་བསལ་བོད་ཀྱི་སྐད་ཡིག《དགེ་ལྡན་ཆོས་འབྱུང》(སྨད)། དྲི་ཤོག་ཨང་རིམ་བཞིན་དང་པོ་ཕར་ཕྱིན། གཉིས་པ་ཕར་ཕྱིན། གསུམ་པ་དབུ་མ། བཞི་བ་མཛོད། ལྔ་བ་འདུལ་བ། དྲུག་པ་རྣམ་འགྲེལ། ཞར་བྱུང་སློབ་ཚན། རྟགས་འཇུག རྩོད་རྒྱུགས་དང་པོ་ཕར་ཕྱིན། གཉིས་པ་དབུ་མ། གསུམ་པ་མཛོད། བཞི་བ་འདུལ་བ། ལྔ་བ་རྣམ་འགྲེལ་བཅས་སོ་སོའི་ཡིག་ཆ་ལྟར་རང་གཞུང་བཀའ་པོད་ལྔའི་སྨད་ཆ་དང་རྟགས་བསལ་དང་ལན་འདེབས་ཀྱི་དུས་ཡུན་གོང་བཞིན་ཡིན་འདུག
སྤྱིའི་ལོ་རིམ་གསུམ་པ་སྟེ་སློབ་དཔོན་མང་དུ་ཐོས་པའི་ལོ་རིམ་དང་པོ(མཚམས་འདི་ནས་སྤྱིར་བཏང་ཤེས་བྱ་དང་ཐུན་མོང་རིག་གནས། ཆོས་འབྱུང་སོགས་ཀྱི་བྲིས་རྒྱུགས་མི་འདུག)དྲི་ཤོག་གི་ཨང་རིམ་བཞིན་བྲིས་རྒྱུགས་དང་པོ་ཕར་ཕྱིན། གཉིས་པ་ཕར་ཕྱིན། གསུམ་པ་དབུ་མ། བཞི་བ་མཛོད། ལྔ་བ་འདུལ་བ། དྲུག་པ་རྣམ་འགྲེལ་བཅས་དང༌། རྩོད་རྒྱུགས་དང་པོ་ཕར་ཕྱིན། གཉིས་པ་དབུ་མ། གསུམ་པ་མཛོད། བཞི་བ་འདུལ་བ། ལྔ་བ་རྣམ་འགྲེལ་བཅས་རྒྱ་གཞུང་བཀའ་པོད་ལྔ་བོ་སྟོད་ཆ་དང༌། རྟགས་བསལ་དང་ལན་འདེབས་གཉིས་ཀའི་དུས་ཡུན་གོང་མཚུངས།
སྤྱིའི་ལོ་རིམ་བཞི་བ་སྟེ་སློབ་དཔོན་མང་དུ་ཐོས་པའི་ལོ་རིམ་གཉིས་པར། བྲིས་རྒྱུགས་དྲི་ཤོག་གི་ཨང་རིམ་བཞིན། དང་པོ་ཕར་ཕྱིན། གཉིས་པ་ཕར་ཕྱིན། གསུམ་པ་དབུ་མ། བཞི་བ་མཛོད། ལྔ་བ་འདུལ་བ། དྲུག་པ་རྣམ་འགྲེལ། རྩོད་རྒྱུགས་དང་པོ་ཕར་ཕྱིན། གཉིས་པ་དབུ་མ། གསུམ་པ་མཛོད། བཞི་བ་འདུལ་བ། ལྔ་བ་རྣམ་འགྲེལ་བཅས་རྒྱ་གཞུང་བཀའ་པོད་ལྔའི་སྨད་ཆ་དང༌། རྟགས་བསལ་དང་ལན་འདེབས་ཀྱི་དུས་ཡུན་གོང་མཚུངས།
སྤྱིའི་ལོ་རིམ་ལྔ་བ་སྟེ་ལྷ་རམས་ངག་གི་དབང་ཕྱུག་ལོ་རིམ་དང་པོ་ནས་བྲིས་རྒྱུགས་མེད་ཅིང༌། རྩོད་རྒྱུགས་ལ། ཕར་ཕྱིན། དབུ་མ། མཛོད། འདུལ་བ། རྣམ་འགྲེལ་བཅས་རྒྱ་གཞུང་བཀའ་པོད་ལྔ་བོའི་སྟོད་ཆའི་ཐད་རྟགས་བསལ་ཆུ་ཚོད་ཕྱེད་དང་ལན་འདེབས་ཆུ་ཚོད་ཕྱེད་བཅས་བསྡོམས་ཆུ་ཚོད་གཅིག་རིང་རྒྱུགས་སྤྲོད་བྱེད་དགོས་ཤིང་བྲིས་རྒྱུགས་མི་འདུག
སྤྱིའི་ལོ་རིམ་དྲུག་པ་སྟེ་ལྷ་རམས་ངག་གི་དབང་ཕྱུག་ལོ་རིམ་གཉིས་པའི་རྩོད་རྒྱུགས་ལ་ཡང་ཕར་ཕྱིན། དབུ་མ། མཛོད། འདུལ་བ། རྣམ་འགྲེལ་བཅས་རྒྱ་གཞུང་བཀའ་པོད་ལྔའི་སྨད་ཆའི་ཐད་རྟགས་བསལ་དང་ལན་འདེབས་ཀྱི་ཆུ་ཚོད་དང་རྩོད་རྒྱུགས་ལས་བྲིས་རྒྱུགས་མེད་ཚུལ་ཡང་ལོ་རིམ་ལྔ་བ་དང་མཚུངས་སོ།།
དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་སྐབས་ཀྱི་བཀའ་རམས་གཞུང་ལུགས་འཛིན་པའི་ལོ་རིམ་དང་པོ་དང་གཉིས་པ་གཉིས་ལ་བྲིས་རྒྱུགས་ཁག་དགུ་རེ་དང༌། རྩོད་རྒྱུགས་ཁག་ལྔ་རེ་ཡོད་འདུག་ཅིང་བསྡོམས་སྐར་མ700ཡོད་ན་ཡང༌། སྐར་གྲངས་དེའི་སུམ་ཆའི་གཅིག་མ་ལོངས་ཚེ་ལོ་རྗེས་མར་ཐེངས་གཅིག་ལ་བསྐྱར་རྒྱུགས་ཕུལ་ཆོག་པ་ལྟར། སློབ་དཔོན་མང་དུ་ཐོས་པའི་ལོ་རིམ་དང་པོ་ལ་རྩོད་རྒྱུགས་ཁག་ལྔ་དང་བྲིས་རྒྱུགས་ཁག་དྲུག་ཡོད་ཅིང་བསྡོམས་སྐར་གྲངས450ཡོད་པའི་སུམ་ཆའི་གཅིག་མ་ལོངས་ཚེ་བསྐྱར་དུ་ལོ་གཅིག་ལ་རྒྱུགས་སྤྲོད་དུ་ཞུགས་ཆོག་ན་ཡང༌། སློབ་དཔོན་མང་དུ་ཐོས་པའི་ལོ་རིམ་གཉིས་པ་སྤྱིའི་ལོ་རིམ་གསུམ་པའི་ཡིག་རྒྱུགས་མ་འཁྱོལ་ཚེ་བསྐྱར་རྒྱུགས་བཏང་མི་ཆོག་པས་དགེ་བཤེས་ལྷ་རམས་པའི་གོ་སར་འགྲོ་ཐབས་མེད།
དགེ་ལུགས་རྒྱུགས་སྤྲོད་ལ་ཞུགས་མཁན་མང་པོ་ཡོད་པར་བརྟེན་དགེ་བཤེས་ལྷ་རམས་ཐོན་མཁན་ཡང་མང་ཙམ་བྱུང་སྟེ། ཕྱི་ལོ1999ལོ་ནས་གདན་ས་གསུམ་གྱི་ནང་གྲྭ་ཚང་རེ་ནས་དགེ་ལུགས་རྒྱུགས་སྤྲོད་ལ་ཞུགས་མཁན་བཅོ་ལྔ་དང༌། ལྷ་རམས་དམ་བཅའ་འཇོག་མཁན་མི་བཅུ་རེ་ལས་ཞུགས་མི་ཆོག་པའི་སྒྲིག་གཞི་གསར་བཟོ་བྱས་པ་ལྟར། སྤྱིར་བཏང་དུས་སྐབས་འདིར་སླེབས་དུས་རྒྱུགས་སྤྲོད་དུ་ཞུགས་མཁན་མང་པོ་མེད་ཀྱང༌། གལ་སྲིད་གྲྭ་ཚང་རེ་ནས་བསླབ་པ་མཐར་སོན་གྱིས་གོང་གསལ་མི་གྲངས་ལས་བརྒལ་བ་རྒྱུགས་སྤྲོད་དུ་ཞུགས་དགོས་བྱུང་ཚེ་ལོ་རྗེས་མར་ངང་སྒུག་བྱེད་དགོས་པའི་སྒྲིག་གཞི་གཏན་ལ་ཕབ་ཡོད་འདུག
གཞན་ཡང་ལྷ་རམས་ངག་གི་དབང་ཕྱུག་གི་ལོ་རིམ་གཉིས་པའམ་རྒྱུགས་སྤྲོད་སྤྱིའི་ལོ་རིམ་དྲུག་པ་དེར་གཞུང་ཆེན་བཀའ་པོད་ལྔ་བོའི་ནང་གང་རུང་གཅིག་ལ་རྩོམ་རྒྱུགས་ཤོག་གྲངས350ཅན་ཕུལ་ཚེ། གཞུང་དེ་ལ་རྩོད་རྒྱུགས་འབུལ་མི་དགོས་ན་ཡང༌། སོ་སོའི་རྩོམ་ཡིག་ཐད་སླར་ཡང་དྲི་བ་འདྲི་ངེས་པ་ལྟར་ལན་རྒྱག་མ་ཐུབ་ཚེ་རྒྱུགས་མ་འཕྲོད་པ་ཡིན་ལ་ད་སྔ་ཡན་ལ་དེ་འདྲ་ཡང་དངོས་སུ་བྱུང་མྱོང་ཡོད་འདུག ཕྱི་ལོ2000ལོའི་སྔོན་ལ་གཞུང་ཆེན་བཀའ་པོད་ལྔ་བོའི་ནང་གང་རུང་གཅིག་གི་རྩོམ་རྒྱུགས་ཕུལ་ཚེ་གཞན་དག་ལ་ཡང་རྩོད་རྒྱུགས་འབུལ་དགོས་ཀྱི་མེད་ཀྱང༌། ལོ་དེ་ནས་སྒྲིག་གཞི་གསར་བ་བཟོས་ཏེ་སོ་སོས་བྲིས་པའི་གཞུང་ལུགས་དེ་ཕུད་གཞན་དག་ལ་ངེས་པར་དུ་རྩོད་རྒྱུགས་འབུལ་དགོས་པའི་ཐག་གཅོད་བྱས་འདུག་པ་མ་ཟད། དེ་སྔ་གཞིས་དགོན་གྱི་དཔེ་འཁྲིད་དགེ་རྒན་ཡིན་པ་ཁག་ཅིག་ལ་སྐུ་སྒེར་ཡིག་ཚང་གིས་དམིགས་བསལ་ལྷ་རམས་ཀྱི་གོ་སྐབས་སྤྲད་པ་དང༌། ཁག་ཅིག་གིས་སློབ་གཉེར་གྱི་རིམ་པ་ཇི་བཞིན་མ་འགྲིམས་པར་ལྷ་རམས་པའི་མཚན་ཐོབ་ཁོ་ནར་བསྙེགས་ཏེ་སྐུ་སྒེར་ཡིག་ཚང་ནས་རྒྱབ་གཉེར་ལེན་ཐབས་སྣ་ཚོགས་བྱས་ཏེ་ལྷ་རམས་རྒྱུགས་སྤྲོད་དུ་ཞུགས་ཏེ། ཡིག་རྒྱུགས་བཏང་ཕྱིན་མ་འཁྱོལ་བ་མེད་ཀྱང༌། སྐབས་དེར་དགེ་བཤེས་ལྷ་རམས་པའི་འཛིན་གྲྭར་སླེབས་མཚམས་ལངས་འཕྲོད་ཡར་ལངས་ཏེ་རྩོད་པ་རྩོད་བཞིན་པའི་རྣམ་འགྱུར་ཙམ་བསྟན་པ་ན་རྒྱུགས་འཕྲོད་པར་བརྩིས་པ་ལ་གོ་དགོས་ཅེས་པའི་མིང་འདོགས་ཤིག་ཁྱབ་པ་སོགས་ལ་བརྟེན་ནས་དགེ་བཤེས་ལྷ་རམས་པ་སྤུས་དག་དང་དངོས་སུ་སློབ་གཉེར་དཔྱིས་ཕྱིན་པ་བྱས་ཡོད་མེད་ལ་ཚད་འཛིན་ནན་པོ་བྱེད་ཆེད་སྒྲིག་གཞི་ཇེ་དམ་དུ་བཏང་བར་བརྟེན། ད་ལྟའི་ཆར་དོན་དངོས་རྒྱ་བོད་གཞུང་ཆེན་བཀའ་པོད་ལྔའི་གཞུང་ལ་སློབ་གཉེར་མཐར་འཁྱོལ་གནངས་པ་དག་ལས་སྔོན་མ་ལྟར་དམིགས་བསལ་གྱི་ལྷ་རམས་དགེ་བཤེས་ཟེར་བ་སོགས་རྩད་ནས་མེད་པར་བྱས་རྐྱེན། བོད་ཀྱི་དགོན་སྡེའི་སློབ་གསོ་ལ་སྔར་མེད་གཞོགས་འདེགས་དང་ཡར་རྒྱས་ཚགས་ཚུད་བྱུང་བཅུག་པའི་བྱེས་འཁོད་དགེ་ལུགས་རྒྱུགས་སྤྲོད་ཆེན་པོ་འདི་ཉིད་ལ་སྔར་ལས་ཀྱང་གཟི་བརྗིད་ལྡན་པར་གྱུར་ཡོད།
དེ་ལྟར་ལྷ་རམས་ངག་གི་དབང་ཕྱུག་གི་རྒྱུགས་འབྲས་ཚད་ལྡན་བླངས་ཏེ་བསླབ་པ་མཐར་སོན་བྱུང་བ་དང་ལྷན་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་པོས་བཀའ་རམས་གཞུང་ལུགས་འཛིན་པའི་ཕྱག་འཁྱེར། སློབ་དཔོན་མང་དུ་ཐོས་པའི་ཕྱག་འཁྱེར། ལྷ་རམས་ངག་གི་དབང་ཕྱུག་གི་ཕྱག་འཁྱེར་བཅས་བསྩོལ་བ་དང༌། དེ་ནས་རང་རང་གི་གཞིས་དགོན་ཁུངས་བྱས་ཏེ་རྒྱུད་གྲྭ་སྟོད་སྨད་གང་རུང་ཞིག་གི་སྒྲིག་ཁོངས་སུ་ཞུགས་ནས་ལོ་གཅིག་རིང་ཆོས་ཐོག་འགྲིམས་ནས་རྗེས་སུ་རྒྱུད་ཀྱི་ཌཱིཀ་སྐྱོར་ནས་རྒྱུད་པའི་དགེ་བསྐོས་ཀྱི་འགན་བཞེས་ནས་རྒྱུད་པ་གྲྭ་ཚང་གི་བླ་མ་དབུ་མཛད་དང༌། རྒྱུད་པའི་མཁན་ཆེན་རྡོ་རྗེ་འཆང་གི་ཁྲི་འཛིན(རྒྱུད་པའི་མཁན་ཆེན་གྱི་ཁྲི་འཛིན་སྐབས་གསང་བདེ་འཇིགས་གསུམ་ཀྱི་བསྐྱེད་རྫོགས་དང༌། རྒྱུད་ཀྱི་ཌཱིཀ་སོགས་ཐུགས་འཛིན་གནངས་རྗེས་ཚོགས་མང་ཡོངས་སུ་བརྩི་བཞག་གནང་དགོས)གྱི་འགན་བཞེས་རྗེས། རྒྱུད་གྲྭ་སྟོད་སྨད་གང་རུང་གི་ཁུངས་ནས་དགའ་ལྡན་ཤར་རྩེ་གྲྭ་ཚང་དང་བྱང་རྩེ་གྲྭ་ཚང་ཆོས་རྗེར་བཞུགས་དགོས་པ་དང༌། རིམ་གྱིས་དགའ་ལྡན་ཁྲི་ལ་ཕེབས་པ་ཡིན་ཞེས་བདག་གི་དགེ་བའི་བཤེས་གཉེན་ལྷ་རམས་པ་དཔལ་ལྡན་ཆོས་གྲགས་མཆོག་གི་གསུང་ལས་ཐོས། འདི་ལྟར་ལོ་ངོ་སུམ་བཅུ་ལྷག་ལ་སློབ་གཉེར་དང་གཞུང་ལུགས་དེ་ཡང་ནང་དོན་ཟབ་རྒྱ་ཆེ་བ་འདི་འདྲ་བ་ནི་ཤར་ནུབ་རྒྱལ་ཁབ་གང་དུ་ཡང་བྲལ་བ་མ་ཟད། ད་ལྟའི་དུས་འདིར་གཞུང་ལུགས་འདི་དག་འབྱུང་ཡུལ་གནས་ཀྱི་ལྟེ་བ་རྒྱ་གར་འཕགས་པའི་ཡུལ་དུ་ཡང་མིང་ཙམ་དུ་གྱུར་ཡོད་པས། ད་ལྟ་ནི་ནང་བའི་ཆོས་གཞུང་གི་མདོ་སྔགས་གཞུང་ལུགས་དང་བཅས་པ་ཆ་ཚང་ཡོད་པའི་ཡིག་རིགས་ནི་བོད་ཡིག་ལས་མེད་ཅིང༌། སྦྱངས་མཁན་ཡང་བོད་རིགས་ལས་མེད་ཚོད་ཅེས་སོགས་མང་དུ་སྨྲ་བར་ཡིག་ཚོགས་ལ་འཇིགས་ནས་བསྐྱུངས་སོ།།