འཁོར་སྐྱོད་བྱེད་པའི་མི་རྣམས་ཀྱིས་གློ་གཅོང་ནད་ཇི་ལྟར་སྔོན་འགོག་བྱེད་དགོས།(5)

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།        2010-08-26

    སྔོན་ཆད་རང་རྒྱལ་དམངས་ཁྲོད་དུ་མི་བཅུ་ལ་གློ་གཅོང་ནད་བྱུང་ན་མི་དགུ་ཤི་ཟེར་བའི་བཤད་སྲོལ་ཡོད་པ་དེ་ལས། གློ་གཅོང་ནད་ཀྱིས་རང་རྒྱལ་མི་དམངས་ཀྱི་ལུས་ཁམས་དང་སེམས་ཁམས་ལ་རྨ་ཁ་ཆེན་པོ་ཞིག་བཟོས་བ་དེ་མཚོན་ཐུབ། གློ་གཅོང་ནད་བྱུང་རྗེས་གློ་བའི་ནད་རྟགས་དང་ལུས་ཡོངས་ཀྱི་ནད་རྟགས་དེ་ཚང་མ་ཧ་ཅང་ཚབས་ཆེ་བ་དང་། ནང་སྒོས་སུ་དུས་མཉམ་དུ་ཁྲག་ལུ་བ་དེ་དུས་ཐོག་ཏུ་གསོ་བཅོས་མ་བྱས་ཚེ། དྲན་མེད་དུ་བརྒྱལ་བ་དང་དབུགས་ཆད་པ་སོགས་ཀྱི་སྣང་ཚུལ་འབྱུང་སླ་བ་དང་། ཐ་ན་འཆི་སྲིད། གློ་གཅོང་ནད་པས་གལ་ཏེ་དུས་ཐོག་ཏུ་གསོ་བཅོས་བཟང་བོ་མ་བྱས་ན། ནད་གཞི་མྱུར་དུ་ཇེ་སྡུག་ལ་སོང་ནས་ལས་ཀ་ཡང་ལས་མི་ཐུབ་པ་རེད།

    གློ་གཅོང་ནད་པས་རིན་མ་བླངས་བར་ཞིབ་བཤེར་དང་རིན་མ་བླངས་བར་གསོ་བཅོས་བྱེད་པ་དེ་ཇི་ལྟར་དང་ལེན་བྱེད་དགོས།

    གློ་གཅོང་ནད་ལ་འགོས་ཁྱབ་རང་བཞིན་ལྡན་པ་དང་། གསོ་བཅོས་ཀྱི་དུས་ཡུན་རིང་བས། སྨན་རྫས་སྣ་མང་མཉམ་དུ་བཀོལ་ནས་གསོ་བཅོས་བྱས་ན་ད་གཟོད་རྩ་བ་ནས་དྲག་ཐུབ་པ་ཡིན། མིག་སྔར་རང་རྒྱལ་གྱི་གློ་གཅོང་ནད་ལ་རིན་མ་བླངས་བར་གསོ་བཅོས་བྱེད་པའི་སྲིད་ཇུས་དེ་གཙོ་བོ་གློ་གཅོང་ནད་འགོག་བཅོས་སྒྲིག་གཞིས་ལག་བསྟར་བྱེད་དགོས་ལ། གློ་གཅོང་ནད་འགོག་བཅོས་ཆེད་ལས་སྒྲིག་གཞིས་རྫས་འགྱུར་སྨན་གྱིས་གསོ་བཅོས་དང་། རིན་མ་བླངས་བར་གསོ་བཅོས་བྱེད་པའི་སྲིད་ཇུས་དངོས་འབེབས་བྱས་ཏེ། ནད་པར་ཚད་ལྡན་སྒོས་གསོ་བཅོས་དང་དོ་དམ་བྱེད་པ་ཡིན་པས། གློ་གཅོང་ནད་བྱུང་བའི་ནད་པ་རྣམས་ཆེད་ལས་སྒྲིག་གཞི་དེ་དག་ཏུ་སོང་ནས་ཞིབ་བཤེར་དང་གསོ་བཅོས་བྱེད་དགོས། གློ་གཅོང་འབུ་ཕྲ་ཡོད་པའི་ནད་པ་དང་འབྲེལ་འདྲིས་དམ་པོ་བྱེད་མཁན་ལ་མཚོན་ན་ཡང་། ཁོ་ཚོ་ཆེད་ལས་སྨན་ཁང་དུ་སོང་ནས་ལུས་ཕུང་ལ་བརྟག་དཔྱད་བྱས་ཏེ། ནད་སྔ་མོ་ནས་ཤེས་བ་དང་སྔ་མོ་ནས་གསོ་བཅོས་བྱེད་པར་སྐུལ་སློང་བྱེད་དགོས། དུས་མཚུངས་སུ་ཕྱོགས་བསྡུས་སྨན་བཅོས་སྒྲིག་གཞིས་འཕྲོད་བསྟེན་པུའུ་ཡི«སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་གློ་གཅོང་ནད་པ་ཡར་ཞུ་དང་གནས་སྤོར་གསོ་བཅོས། རྗེས་འདེད་བཅས་ཀྱི་ལག་བསྟར་བྱེད་ཐབས»ལྟར། ནན་ཏན་སྒོས་གློ་གཅོང་ནད་ཀྱི་གནས་སྤོར་གསོ་བཅོས་བྱ་བ་བཟང་བོར་སྒྲུབ་ནས། སྨན་གྱི་ནུས་བ་མི་ཐོན་པའི་ནད་པ་བྱུང་བར་གཡོལ་བ་དང་ཇེ་ཉུང་དུ་གཏོབ་དགོས།

    གལ་ཏེ་རང་ཉིད་ལ་གློ་གཅོང་ནད་བྱུང་ཡོད་མེད་ལ་ཇི་ལྟར་ལྟ་དགོས།

    ཐོག་མའི་དུས་རིམ་གྱི་གློ་གཅོང་ནད་དེར་ནད་རིགས་གཞན་དག་དང་འདྲ་བར་མངོན་གསལ་གྱི་ནད་རྟགས་མེད། གལ་ཏེ་ནད་རྟགས་ཡོད་ན་ཡང་། ཆེས་མངོན་གསལ་ཞིག་མིན་པས། ནད་པ་རང་ཉིད་དང་སྨན་པ་སུ་ཡིན་རུང་གློ་བའི་ནད་གཞན་པར་ནོར་འཁྲུལ་འབྱུང་གི་ཡོད། གློ་གཅོང་ནད་ཡིན་མིན་ལ་ངོས་འཛིན་ཇི་ལྟར་བྱེད་དགོས་ཟེར་ན། བསྟུད་མར་གཟའ་འཁོར་གཉིས་ཡན་ལ་ལུ་བ་དང་ལུད་པ་ཐོན་པ། ལུད་པའི་ནང་ཁྲག་འདྲེས་བ། ཚ་ལངས་བ། བྲང་ཁ་ན་བ་སོགས་ཀྱི་རྟགས་བྱུང་ཚེ། སྨན་ཁང་དུ་སོང་ནས་ཞིབ་བཤེར་བྱས་ན་ཤེས་ཐུབ།

    གལ་ཏེ་གོང་གི་ནད་རྟགས་དེ་དག་ཡོད་པ་དང་ལྷག་པར་དུ་བསྟུད་མར་གཟའ་འཁོར་གཉིས་ཡན་ལ་ལུ་བ་དང་ལུད་པ་ཐོན་ཚེ། རང་འགུལ་གྱིས་སྨན་ཁང་ལ་སོང་ནས་སྨན་པས་བཤད་པ་ལྟར“ཅེ་ཧི་ཅོན་སུའུ”ཞེས་པའི་སྨན་ཁབ་བརྒྱབ་ནས་ནད་དེ་ཡིན ་མིན་ལ་བརྟག་དཔྱད་དང་། ལུད་པའི་ནང་འདུས་འདྲིལ་དབྱིག་དབྱིབས་འབུ་ཕྲ་ཡོད་མེད་ལ་བརྟག་དཔྱད་བྱེད་དགོས། གཞན་ད་རུངxགློག་འོད་ཀྱི་འདྲ་པར་ཡང་ལེན་དགོས། དེ་ལྟར་བྱས་ཚེ་ནད་ངོས་འཛིན་གསལ་བོ་བྱེད་ཐུབ།

    གལ་ཏེ་གློ་གཅོང་ནད་ལ་ངོས་འཛིན་བྱས་ཚེ། ས་གནས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་སོང་ན། ཁོ་ཚོས་རིན་མི་ལེན་པར་ནད་བརྟག་སྨན་བཅོས་བྱེད་ངེས་རེད།

    གལ་ཏེ་རང་ཉིད་ལ་གློ་གཅོང་ནད་བྱུང་ཚེ་ཇི་ལྟར་བྱེད་དགོས།

    གལ་ཏེ་རང་ཉིད་ལ་གློ་གཅོང་ནད་བྱུང་ཚེ། སྨན་པའི་བཤད་པ་ལྟར་དུ། སྨན་འཐུང་བ་རྒྱུན་འཁྱོངས་བྱས་ཏེ། གསོ་བཅོས་ཀྱི་དུས་ཡུན་ལོངས་སུ་འཇུག་དགོས་བ་མ་ཟད། ད་རུང་དུས་ལྟར་སྨན་ཁང་ལ་སོང་ནས་ལུད་པར་ཞིབ་བཤེར་བྱེད་དགོས། དེ་མིན་ཁྱིམ་མི་དང་ལས་གྲོགས། སློབ་གྲོགས་བཅས་ཀྱི་ཁྲོད་གློ་གཅོང་ནད་ཡིན་པར་དོགས་པ་ཟ་མཁན་ལ་མྱུར་དུ་གློ་གཅོང་ནད་འགོག་བཅོས་སྡེ་ཁག་ཏུ་སོང་ནས་ལུས་པོར་ཞིབ་བཤེར་བྱེད་པར་སྐུལ་སློང་བྱེད་དགོས། དེ་མིན་འཕྲོད་བསྟེན་གོམས་སྲོལ་བཟང་བོ་ཆགས་པར་བྱེད་པ་དང་། མི་གཞན་པའི་མདུན་དུ་མི་ལུ་བ། གང་སར་ཁ་ལུད་མི་འཕེན་པ། ཁ་ཐུམ་རྒྱག་པ། རྒྱུན་དུ་སྒོ་དང་དྲ་མ་ཕྱེས་བ། དུ་བ་ཆང་གཅོད་པ། ངལ་གསོ་འོས་འཚམ་བྱེད་དགོས། ཟ་མའི་ཕྱོགས་ནས་ཤ་གསར་བ་དང་སྔོ་ཚོད། སིལ་ཏོག་སོགས་མང་པོ་ཟ་དགོས། ལྭ་ཅོ་དང་ཚུའུ་སོགས་ཕོག་ཐུག་ཆེ་བའི་ཟས་རིགས་གཏན་ནས་ཟ་མི་རུང་། གཞན་ད་རུང་ལུས་ཕུང་སྦྱོང་བརྡར་འོས་འཚམ་བྱས་ན་ནད་དྲག་པར་ཕན་པ་དང་། གློ་གཅོང་ནད་པས་ངེས་པར་དུ་གློ་གཅོང་ནད་ཆེད་བཅོས་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས་ལ། སྨན་པ་དང་གསོ་སྦྱོང་བྱས་མྱོང་བའི་ཁྱིམ་མི་བཅས་ཀྱི་ལྟ་སྐུལ་འོག་ནས། ཇ་ཁ་རེ་རེའི་སྨན་དུས་ཚོད་ལྟར་དུ་འཐུང་དགོས་ལ། སྨན་འཐུང་རྒྱུ་བརྗེད་པ་དང་ཡང་ན་ཇེ་ཉུང་དུ་བཏང་ནས་འཐུང་བ་བཅས་བྱེད་མི་རུང་། གློ་གཅོང་ནད་གསོ་བཅོས་བྱེད་ན་ངེས་པར་དུ་སྨན་བཅོས་ཀྱི་དུས་ཡུན་ལོངས་བར་ཁག་ཐེག་བྱེད་དགོས་བ་དང་། ཚད་ལྡན་ལྟར་སྨན་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ན། བརྒྱ་ཆའི་གོ་ལྔ་ཡན་གྱི་ནད་པ་དྲག་ཐུབ་པ་ཡིན། སྨན་བཅོས་བྱས་ནས་ནད་རྟགས་ཡོངས་སུ་མེད་ན་ཡང་། གློ་གཅོང་ནད་དྲག་ཟིན་པ་མིན་ལ། གལ་ཏེ་ཚད་ལྡན་གྱི་སྨན་བཅོས་དུས་ཡུན་ལྟར་སྨན་བཅོས་མ་བྱས་པར་རང་ཤུགས་ཀྱིས་སྨན་འཐུང་མཚམས་འཇོག་པའམ་ཡང་ན་མཚམས་རེར་འཐུང་བ་དང་མཚམས་རེར་འཐུང་མཚམས་འཇོག་པ་བཅས་བྱས་ན། གློ་གཅོང་ནད་གསོ་བཅོས་བྱེད་དཀའ་བ་མ་ཟད། ཡང་བསྐྱར་འཕར་སླ་བས། གློ་གཅོང་ནད་པས་སྨན་བཅོས་ཀྱི་དུས་ཡུན་ལོངས་སུ་འཇུག་རྒྱུ་ནི་ཧ་ཅང་གལ་ཆེ་བ་རེད།

    གློ་གཅོང་ནད་བྱུང་ཚེ་དྲག་ཏུ་འཇུག་ཐུབ་བམ། དེ་ལ་ལྟ་སྟངས་ཇི་འདྲ་འཛིན་དགོས།

  • ལེ་ཚན་སྔོན་མ།: དཔྱིད་ཀའི་རྒྱུན་མཐོང་ནད་རིགས་དང་དེ་སྔོན་འགོག་བྱེད་ཐབས།
  • ལེ་ཚན་རྗེས་མ།:མཁྲིས་པའི་རྡོ་སྐྲན་གྱི་སྔོན་འགོག
  • དོ་སྣང་ཆེ་བའི་རྩོམ།