སྒྲོལ་མ་སྐྱིད་ཀྱིས་བསྒྱུར། 2010-08-26
དཔྱིད་ཀར་མཉམ་འཇོག་དགོས་པའི་དོན་ཚན་འགའ།
དཔྱིད་དུས་ཀྱི་ནམ་ཟླ་ནི་མཚམས་ལར་གྲང་བ་དང་མཚམས་ལར་དྲོ་བས། དབུགས་ལམ་གྱི་འགོས་ནད་དང་རྒྱུ་ལམ་གྱི་འགོས་ནད་སྣ་ཚོགས་འབྱུང་སླ་བ་དང་མཆེད་སླ་ཡིན། དེ་བས་མི་ཚང་མས་སྔོན་འགོག་བྱེད་པ་གཙོར་བཟུང་ནས་ནད་མི་ཕོག་པར་བྱེད་པ་དང་ཡང་ན་ནད་ཕོག་ཚད་ཇེ་དམའ་རུ་གཏོང་དགོས།
གཅིག དུས་ལྟར་འགོག་སྨན་རྒྱག་པ།
དཔྱིད་ཀ་ནི་ཟྭ་འབྲུམ་དང་གཤེར་མའི་གཉན་ཚད། ཀླད་སྐྱིའི་གཉན་ཚད། རླུང་འབྲུམ། ཆམ་རིམས་བཅས་དབུགས་ལམ་གྱི་འགོས་ནད་འབྱུང་སླ་བ་དང་མཆེད་སླ་བའི་དུས་ཚིགས་ཡིན། གོང་གི་ནད་རིགས་དེ་དག་ཚང་མ་ནི་འགོག་སྨན་གྱིས་སྔོན་འགོག་བྱེད་ཐུབ་པ་ཞིག་ཡིན་པས། མི་ཚང་མས་དུས་ལྟར་འགོག་སྨན་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེ།
གཉིས། ཁང་བའི་སྒོ་དང་དྲ་མ་ཕྱེས་ནས་མཁའ་དབུགས་གསར་བ་རྒྱུ་རུ་འཇུག་པ།
ནམ་ཟླ་ཇེ་དྲོད་དུ་ཡོང་བ་དང་བསྟུན་ནས། ཁང་བའི་ནང་གི་དྲོད་ཚད་སྲུང་འཛིན་ལ་དོ་སྣང་བྱེད་དགོས། ཞོགས་པར་སྒོ་དང་དྲ་མ་ཕྱེས་ནས་མཁའ་དབུགས་གསར་བ་རྒྱུ་བར་བྱེད་པ་དང་། ཁང་བའི་ནང་གི་འཕྲོད་བསྟེན་གཙང་སྦྲ་རྒྱུན་འཁྱོངས་བྱེད་དགོས།
གསུམ། ནམ་ཟླའི་འགྱུར་ལྡོག་དང་བསྟུན་ནས་ལྭ་བ་ཇེ་མཐུག་ཇེ་སྲབ་ལ་གཏོང་བ།
དཔྱིད་ཀའི་ནམ་ཟླ་ནི་མཚམས་ལར་གྲང་བ་དང་མཚམས་ལར་དྲོ་བས་འགྱུར་ལྡོག་ཧ་ཅང་ཆེ། དུས་མཚུངས་སུ་མིའི་ནད་འགོག་ནུས་པ་ཡང་ཆེས་ཞན་པའི་གནས་སུ་ཡོད་པས། ངེས་པར་དུ་དྲོད་ཚད་ཀྱི་འགྱུར་ལྡོག་དང་བསྟུན་ནས་ལྭ་བ་བརྗེ་སོར་བྱས་ཏེ། ཆམ་ནད་སོགས་ཕོག་པར་སྔོན་འགོག་བྱེད་དགོས།
བཞི། རྒྱུན་དུ་ཕྱི་རོལ་གྱི་བྱ་འགུལ་ལ་ཞུགས་པ།
དཔྱིད་ཀ་ནི་མི་ཚང་མ་ཕྱི་རོལ་དུ་བྱ་འགུལ་བྱེད་པའི་ཆེས་བཟང་བའི་དུས་ཚིགས་ཡིན། མི་ཚང་མས་དཔྱིད་རླུང་དལ་བུར་ལྡང་བའི་གོ་སྐབས་བཟང་བོ་འདི་དམ་འཛིན་བྱས་ནས། གང་ནུས་ཀྱིས་ཕྱི་རོལ་གྱི་བྱ་འགུལ་ཁ་ཤས་སུ་ཞུགས་དགོས། འཆམ་འཆམ་ལ་འགྲོ་བ་དང་རི་ལ་འགོ་བ་། ལྗོངས་རྒྱུ་ལ་འགྲོ་བ་བཅས་ཚང་མ་ནི་དཔྱིད་ཀར་ཕྱི་རོལ་དུ་བྱ་འགུལ་བྱེད་པའི་བྱེད་ཐབས་བཟང་བོ་ཡིན།
ལྔ། ནམ་རྒྱུན་གྱི་འཚོ་བའི་གོམས་སྲོལ་རྒྱུན་འཁྱོངས་བྱེད་པ།
ནམ་རྒྱུན་གྱི་འཚོ་བའི་གོམས་སྲོལ་རྒྱུན་འཁྱོངས་བྱས་ཏེ། གཉིད་ཡུར་བའི་དུས་ཚོད་ཁག་ཐེག་བྱེད་པ་དང་། ལས་ཀ་ལྗིད་མོ་མི་ལས་པ། དོན་དག་སྒྲུབ་སྐབས་བྲེལ་འཚུབ་མི་ལངས་བ། བློ་ཁོག་ཡངས་བོ་བྱེད་པ། སེམས་ལྷོད་ལ་འབབ་པ། སེམས་ཁམས་སྐྱིད་པ་བཅས་བྱས་ནས་ནད་འགོག་ནུས་པ་ཇེ་དྲག་ཏུ་གཏོང་དགོས།
དྲུག རྒྱུན་དུ་མི་མང་ཚོགས་སར་མི་འགྲོ་བ།
མི་མང་ཚོགས་ས་རུ་མི་མང་ལ་འུར་ཟིང་ཆེ་བ་དང་མཁའ་དབུགས་བཙོག་པས། འགོས་ནད་མཆེད་ས་གཙོ་བོ་ཡིན། ལུས་པོ་བདེ་ཐང་ཡིན་པའི་མིས་མི་མང་འདུ་སར་མང་པོ་མི་འགྲོ་བ་དང་། མི་གཞན་པར་ནད་མི་འགོ་བའི་ཆེད་དུ། དབུགས་ལམ་གྱི་འགོས་ནད་དང་རྒྱུ་ལམ་གྱི་འགོས་ནད་བྱུང་ཡོད་པའི་མིས་རང་རྟོགས་སྒོས་མི་མང་འདུ་སར་མི་འགྲོ་བ་བྱེད་དགོས།
བདུན། བཟའ་བཏུང་གི་འཕྲོད་བསྟེན་གཙང་སྦྲར་དོ་སྣང་བྱེད་པ།
ཟས་རིགས་རྒྱུ་ཆ་དེ་ངེས་པར་དུ་གསར་བ་དང་གཙང་མ་ཡིན་པར་ཁག་ཐེག་བྱེད་དགོས་པ་དང་། གཡོས་སྦྱོར་བྱེད་སྐབས་ངེས་པར་དུ་གཙང་མར་བཀྲུ་དགོས། ལས་སྣོན་བྱེད་སྐབས་ཟས་རིགས་བཙོས་མ་དང་རྗེན་པ་སོ་སོར་བཀར་ནས། ཕན་ཚུན་ལ་འབག་བཙོག་མི་ཐེབས་པ་བྱེད་དགོས། གཞན་འོས་ཤིང་འཚམ་པའི་སྒོ་ནས་ཙོང་དང་སྒ་སྐྱ། སྒོག་པ། ཀེའུ་སོགས་ཟོས་ན། གྲང་བ་སེལ་ཞིང་དྲོད་བསྐྱེད་ཐུབ་པར་མ་ཟད། ད་རུང་འབུ་ཕྲ་གསོད་ཅིང་ནད་འགོག་པའི་ནུས་པའང་ཡོད།
བརྒྱད། མི་སྒེར་གྱི་འཕྲོད་བསྟེན་གཙང་སྦྲར་དོ་སྣང་བྱེད་པ།
ཁ་ཟས་ཀྱི་སྔོན་དང་སྒོ་ཕྱིར་སོང་ནས་ཕྱིར་ཁྱིམ་དུ་ལོག་རྗེས་མྱུར་དུ་ཆུ་གཙང་མ་དང་འདག་རྫས་བཀོལ་ནས་ལག་པ་བཀྲུ་དགོས། མིག་དང་སྣའི་གཙང་སྦྲར་ཁག་ཐེག་བྱེད་ཆེད། རབ་ཡིན་ན་ཉི་མ་རེ་རེར་ཆུ་གཙང་མས་མིག་དང་སྣ་ཁུང་ཐེངས་གཉིས་རེ་བཀྲུ་དགོས། ཧབ་ཆི་རྒྱག་པ་དང་ཡང་ན་ལུ་བའི་སྐབས་སུ་ལག་ཕྱིས་ཀྱིས་ཁ་སྣ་བཏུམ་པ་དང་། གང་སར་ཁ་ལུད་མི་འཕེན་པ་བྱེད་དགོས།
དགུ། རྒྱུན་དུ་ལྭ་བ་དང་མལ་བསྟན་ཉི་མར་གཡེང་དགོས།
ལྭ་བ་དང་མལ་བསྟན་ལ་བརླན་གཤེར་ཐེབས་ན་ནད་འབུ་སྐྱེ་འཕེལ་འབྱུང་སླ་བ་དང་། ཉི་འོད་ནང་གི་སྨུག་ཕྱིའི་འོད་ཐིག་ལ་ནད་འབུ་གསོད་པའི་ནུས་པ་ལྡན་པས། རྒྱུན་དུ་ལྭ་བ་དང་མལ་བསྟན་བཀྲུས་ནས་ཉི་མར་གཡེང་ན་ཧ་ཅང་བཟང་བ་ཡིན། །
རྩོམ་གསར། 10