དཔྱིད་ཀའི་རྒྱུན་མཐོང་ནད་རིགས་དང་དེ་སྔོན་འགོག་བྱེད་ཐབས།(3)

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།        2010-08-26

བཅུ་གཅིག ཚ་རིམས་དམར་སྐྱ།

ཚ་རིམས་དམར་སྐྱའི་ནད་ནི་དགུན་དཔྱིད་ཀྱི་སྐབས་སུ་འབྱུང་ཚད་མཐོ་བའི་མྱུར་བའི་རང་བཞིན་གྱི་འགོས་ནད་ཅིག་ཡིན། ནད་དེ་མི་ཆེ་ཆུང་ཀུན་ལ་འབྱུང་བ་དང་ནང་སྒོས་སུ་ལོ་གཉིས་ནས་བཅུའི་བར་གྱི་བྱིས་པར་འབྱུང་ཚད་ཅུང་མཐོ། ནད་རྟགས་ཡང་བའི་རིགས་ལ་ཚ་ཅུང་ལངས་བ་དང་མིད་པ་ཅུང་ན་བ། པགས་འབྲུམ་འབྱུང་ཚད་ཉུང་ཞིང་དུས་ཡུན་ཐུང་བ་ཡིན་པས། རྒྱུན་པར་རང་ཤུགས་ཀྱིས་དྲག་འགྲོ་བ་རེད། པགས་འབྲུམ་ཐོག་ནས་གློག་ཤུ་ལྷུང་བའམ་ཡང་ན་དེ་དང་བསྡོངས་བའི་མཁལ་མའི་གཉན་ཚད་བྱུང་རྗེས་ད་གཟོད་ཚ་རིམས་དམར་སྐྱའི་ནད་བྱུང་བ་ཤེས་ཐུབ། ནད་རྟགས་ཅུང་ལྕི་བའི་རིགས་ལ་ནད་གཞི་ཇེ་སྡུག་ཏུ་འགྲོ་ཚད་མྱུར་ཞིང་། གློ་བུར་དུ་ཚ་ཆེན་པོ་ལངས་བ་དང་། ལུས་ཡོངས་ལ་དུག་ཕོག་པ་ལྟ་བུའི་ནད་རྟགས་མངོན་གསལ་ཡིན་པ། ད་རུང་རྒྱུན་དུ་སྐྲག་ནས་བརྒྱལ་བ་དང་དྲན་པ་ཉམས་པ། སྐྱུགས་པ། འདུག་མི་བཟོད་པ། མཚམས་ལར་མྱུར་དུ་དྲན་པ་ཤོར་བའི་སྣང་ཚུལ་འབྱུང་སྲིད། པགས་འབྲུམ་མགྱོགས་མྱུར་སྒོས་ལུས་ཡོངས་ལ་ཁྱབ་པར་མ་ཟད། ཁྲག་རྡོལ་སའི་གནས་ཀྱང་རྒྱུན་དུ་ཡོད་པ་ཡིན།

ནད་འདི་གསོ་བཅོས་བྱེད་པའི་ཐད་ནས། སྤྱིར་བཏང་དུ་མལ་དུ་ཉལ་ནས་ངལ་གསོ་བ་དང་། འཚོ་བཅུད་དང་ཆུ་མང་པོ་ཁ་གསབ་བྱེད་དགོས་ལ། ནད་རྟགས་ཚབས་ཆེ་བའི་བྱིས་པར་ཆིན་མིས་སུའུ་ཡི་སྨན་ཁབ་དགོས། སྨན་ཁབ་ཆིན་མིས་སུའུ་ནི་ཚ་རིམས་དམར་སྐྱའི་ནད་གསོ་བཅོས་བྱེད་པའི་སྨན་རྫས་གཙོ་བོ་ཡིན།

ཁྱིམ་གྱི་བདག་སྐྱོང་ཐད་ནས། ཁང་བའི་ནང་མཁའ་དབུགས་གསར་བ་རྒྱུ་རུ་འཇུག་པ་དང་། ལྷིང་འཇགས་སྲུང་འཛིན་བྱེད་དགོས། ནད་བྱུང་བའི་བྱིས་པ་མལ་དུ་ཉལ་ནས་ངལ་གསོ་བ་དང་། འཇུ་སླ་བའི་ཟས་རིགས་ཟ་བ། ཆུ་ཁོལ་མང་པོ་འཐུང་བ་བཅས་བྱེད་དགོས། བྱིས་པའི་ཁ་ནང་གི་གཙང་སྦྲར་དོ་སྣང་བྱས་ཏེ། ཁ་ཟས་ཟོས་རྗེས་ཁ་ནང་བཤལ་དགོས། པགས་འབྲུམ་འབྱུང་བའི་སྐབས་སུ་སྐྱི་པགས་ཀྱི་བདག་སྐྱོང་ལ་ཤུགས་སྣོན་དགོས། དཔེར་ན་སེན་མོ་བཏོག་པ་ལྟ་བུ་རེད། གལ་ཏེ་བྱིས་པར་པགས་འབྲུམ་བྱུང་ནས་ཟ་འཕྲུག་ལངས་ཚེ། སྨན་ཆུ་བྱུགས་ནས་ཟ་འཕྲུག་ལངས་བ་འགོག་དགོས།

བཅུ་གཉིས། སིབ་ནད།

སིབ་ནད་ནི་དགུན་དཔྱིད་ཀྱི་དུས་ཚིགས་སུ་མང་དུ་འབྱུང་བའི་ནད་ཅིག་ཡིན་ཞིང་། ནད་དེ་སིབ་བུའི་ནད་དུག་ལས་བསླངས་བའི་མྱུར་བའི་རང་བཞིན་གྱི་དབུགས་ལམ་གྱི་འགོས་ནད་ཅིག་ཡིན། ནད་དེ་བྱུང་རྗེས་སྤྱིར་བཏང་དུ་ཉིན་བཅུ་ཡས་མས་སུ་དྲག་འགྲོ་བ་ཡིན། ནད་ཐོག་གི་ནད་རྟགས་ནི་འབྲུམ་ཐོར་མ་བྱུང་བའི་སྔོན་ལ་ཚ་ལངས་ནས་ཏུའུ38ཡས་མས་སུ་བསླེབས་པ་དང་། དེ་དང་མཉམ་དུ་གློ་ལུ་ཞིང་། སྣ་ཆུ་དང་མིག་ཆུ་བཞུར་བ། འོད་མི་ཐེག་པ། ཁ་སྦུག་འབྱར་སྐྱིའི་སྟེང་མདོག་ཐལ་སྐྱ་ཡིན་པའི་འབྲུམ་ཐོར་ཆུང་ཆུང་ཐོན་པ་ཡིན། འབྲུམ་ཐོར་འབྱུང་བའི་དུས་ཡུན་ཉིན་གསུམ་ཡིན་ལ། ཉིན་བཞི་ནས་ལྔ་ཡི་བར་ལུས་དྲོད་ཏུའུ40ཡས་མས་སུ་བསླེབས་པ་དང་། འབྲུམ་ཐོར་དམར་པོ་མགོ་ནས་རིམ་བཞིན་ལུས་ཡོངས་སུ་ཁྱབ་པ་རེད། འབྲུམ་ཐོར་བྱུང་ནས་ཉིན་གསུམ་ནས་བཞིའི་རྗེས་སུ། ལུས་དྲོད་རིམ་བཞིན་རྒྱུན་ལྡན་དུ་འགྱུར་བ་དང་པགས་འབྲུམ་ཡང་རིམ་བཞིན་མེད་པར་འགྱུར་སྲིད། གལ་ཏེ་སིབ་ནད་བྱུང་བའི་བྱིས་པའི་ཚ་བཞག་རྗེས་ཡང་བསྐྱར་ཚ་ལངས་ནས་མི་འཇོག་ཚེ། གློ་བའི་གཉན་ཚད་སོགས་ཀྱི་མཉམ་བྱུང་ནད་འབྱུང་སྲིད།

སིབ་ནད་སྔོན་འགོག་བྱེད་ཐབས་གཙོ་བོ་ནི། སིབ་བུའི་ནད་དུག་འགོག་པའི་འགོག་ཁབ་རྒྱག་རྒྱུ་དེ་རེད། ནད་དེའི་འགོ་ཁུངས་ནི་ནད་པའི་ཁ་ཆུ་དང་སྣ་ཆུ། མིག་ཆུ་སོགས་ཀྱི་ནང་ནད་དུག་འདུས་ཡོད་ལ། དེ་གཙོ་བོ་ནད་པས་ལུ་བ་དང་སྣ་སྦྲིད་རྒྱག་པ། སྐད་ཆ་བཤད་པ་བཅས་ཀྱི་སྐབས་སུ་མཆིལ་ཟེགས་བརྒྱུད་ནས་མཆེད་པ་རེད། ཡིན་ན་ཡང་སིབ་བུའི་ནད་དུག་དེ་མིའི་ལུས་ཕུང་དང་ཁ་བྲལ་ཚེ་འཚོ་དཀའ་བས། ནད་པ་དང་འབྲེལ་འདྲིས་བྱེད་མཁན་གྱིས་གལ་ཏེ་ཕྱི་རོལ་དུ་དུས་ཚོད་སྐར་མ་ཉི་ཤུའི་ཡན་ལ་ཉི་མར་ལྡེ་བ་བཅས་བྱས་ན། མི་གཞན་པར་ནད་འགོ་རུ་འཇུག་མི་སྲིད། ནད་པ་བསྡད་མྱོང་བའི་ཁང་བའི་སྒོ་དང་དྲ་མ་ཕྱེས་ནས་དུས་ཚོད་གསུམ་ཡན་ལ་རླུང་རྒྱུ་རུ་འཇུག་པ་དང་། ནད་པའི་ཉལ་གདན་ཉི་མར་གཡེང་བ། ཁང་བའི་ནང་གི་སྣོད་ཅ་ལག་ཆུ་གཙང་མ་དང་འདག་རྫས་སོགས་ཀྱིས་གཙང་མར་བཀྲུས་ན་ནད་དུག་སེལ་ཐུབ། སིབ་ནད་བྱུང་བའི་ནད་པ་སྔ་མོ་ནས་ལོགས་སུ་བཀར་ནས་བདག་སྐྱོང་བྱེད་དགོས།

གསོ་བཅོས་ཐད་ནས་མཉམ་བྱུང་ནད་མེད་པའི་སིབ་ནད་བྱུང་བའི་བྱིས་པ་སྨན་ཁང་དུ་བསྡད་ནས་གསོ་བཅོས་བྱེད་མི་དགོས། ཡིན་ན་ཡང་བྱིས་པར་སིབ་བུ་བྱུང་ནས་ཉིན་ལྔ་ཡི་ནང་འགོས་ཤུགས་ཧ་ཅང་ཆེན་པོ་ལྡན་པས། ངེས་པར་དུ་བྱིས་པ་ལོགས་སུ་བཀར་དགོས། གལ་ཏེ་བྱིས་པར་ཚ་ཆེན་པོ་ལངས་ནས་མི་འཇོག་པ་དང་། ལུ་བ་ཇེ་སྡུག་ལ་སོང་བ། དབུགས་ལེན་ཚད་ཇེ་མགྱོགས་སུ་འགྲོ་བ་སོགས་ཀྱི་ནད་རྟགས་བྱུང་ན། སིབ་ནད་དང་བསྡོངས་ནས་གློ་བར་གཉན་ཚད་རྒྱས་པ་ཡིན་པས། དུས་ཐོག་ཏུ་སྨན་ཁང་ལ་སོང་ནས་སྨན་བཅོས་བྱེད་དགོས།

ཁྱིམ་གྱི་བདག་སྐྱོང་ཐད་ནས། ཁང་བའི་ནང་མཁའ་དབུགས་གསར་བ་རྒྱུ་རུ་འཇུག་པའི་སྐབས་སུ། བྱིས་པའི་ལུས་པོ་འཁྱག་ཏུ་འཇུག་མི་རུང་། བྱིས་པར་འབྲུམ་ཐོར་བྱུང་བའི་སྐབས་སུ། ཆུ་ཁོལ་མང་པོ་འཐུང་དུ་འཇུག་དགོས། དེ་ལྟར་བྱས་ཚེ་འབྲུམ་ཐོར་ཕྱིར་མངོན་ཏེ། ལུས་ནང་གི་དུག་རྒྱུ་སེལ་བར་ཕན་པ་ཡོད། སིབ་བུ་བྱུང་བའི་བྱིས་པར་འཇུ་སླ་ཞིང་འཚོ་བཅུད་ལྡན་པའི་ཟས་རིགས་ཟ་རུ་འཇུག་པ་དང་། ཁྱད་པར་དུ་འཚོ་བཅུད་བེ་ཧྲིན་སུའུAཁ་གསབ་བྱེད་དགོས། ཚ་རྒྱས་ཚེ་པགས་འབྲུམ་ཕྱིར་མངོན་པར་ཕན་པས། པགས་འབྲུམ་ཕྱིར་མངོན་པའི་སྐབས་སུ་ཚ་ཆེན་པོ་ལངས་ནས་མི་འཇོག་ཚེ་ཚ་སེལ་སྨན་རྫས་ཅུང་ཙམ་བཀོལ་ཆོག ཡིན་ན་ཡང་ཚ་སྨན་འཐུང་ནས་ཚ་དེ་འདྲ་མར་འབབ་ཏུ་འཇུག་མི་རུང་ལ། ལུས་དྲོད་ཏུའུ38ཡས་མས་སུ་སྲུང་འཛིན་བྱེད་དགོས། སིབ་ནད་བྱུང་བའི་སྐབས་སུ་བྱིས་པར་སྣུམ་ཆེ་བའི་ཟས་རིགས་ཟ་རུ་འཇུག་མི་རུང་བ་དང་། ཉིན་མ་རེ་རེར་ཆུ་ཁོལ་དྲོད་འཇམ་གྱི་ནང་ལག་ཕྱིས་སྦངས་ནས་བྱིས་པའི་སྣ་དང་མིག་སོགས་གཙང་མར་ཕྱིས་དགོས།

བཅུ་གསུམ། འགྲམ་རྨེན་གཉན་ཚད།

འགྲམ་རྨེན་གཉན་ཚད་ནད་ནི་དཔྱིད་ཀར་འབྱུང་ཚད་མཐོ་བ་ཡིན། ནད་འདིའི་ནད་རྟགས་ནི་ཚ་རྒྱས་བ་དང་འགྲམ་རྨེན་སྐྲངས་ནས་ན་ཟུག་ལངས་བ་ཡིན། ནད་རྟགས་མི་མངོན་པའི་དུས་ཡུན་ནི་ཉིན14ནས21བར་ཡིན། ནད་འདི་འགྲམ་རྨེན་གཉན་ཚད་ནད་དུག་གིས་བསླངས་བའི་མྱུར་བའི་རང་བཞིན་གྱི་དབུགས་ལམ་གྱི་འགོས་ནད་ཅིག་ཡིན་ཞིང་། གཙོ་བོ་ནད་པའི་མཆིལ་ཟེགས་བརྒྱུད་ནས་ཕན་ཚུན་ལ་འགོ་བ་རེད། ནད་འདི་ལོ་ལྔ་ནས་དགུ་བར་གྱི་བྱིས་པར་མང་དུ་འབྱུང་བ་དང་། ལོ་གཅིག་མན་གྱི་བྱིས་པ་དང་དར་མར་འབྱུང་བ་ཆེས་ཉུང་།

ནད་འདི་སྔོན་འགོག་བྱེད་ཐབས་ནི། རྒྱུན་དུ་འཕྲོད་བསྟེན་གཙང་སྦྲར་དོ་སྣང་བྱས་ཏེ། ཟ་མའི་སྔོན་གཞུག་ཏུ་ལག་པ་གཙང་མར་བཀྲུ་བ་དང་། ཁང་བའི་ནང་མཁའ་དབུགས་གསར་བ་རྒྱུ་བར་བྱེད་པ། གལ་ཏེ་བྱིས་པར་འགྲམ་རྨེན་གཉན་ཚད་བྱུང་ཚེ། མྱུར་དུ་ནད་དྲག་རག་བར་དུ་བྱིས་པ་ལོགས་སུ་བཀར་དགོས། ནད་པ་དང་འབྲེལ་འདྲིས་བྱེད་མཁན་གྱིས་རང་ཉིད་ལ་ཉིན་ཉེར་གཅིག་ལ་ལྟ་ཞིབ་བྱེད་དགོས་བ་དང་། ནད་འགོ་སླ་མཁན་གྱིས་བསྟུད་མར་ཉིན་གསུམ་ནས་ཉིན་ལྔ་ལ་རམས་རྩྭའི་སྦངས་སྨན་འཐུང་དགོས།

གསོ་བཅོས་ཐད་ནས། མཉམ་བྱུང་ནད་མེད་པའི་བྱིས་པ་སྨན་པར་སྟོན་མི་དགོས་ལ། ཁྱིམ་ནས་ལོགས་སུ་བཀར་ཏེ་འགྲམ་རྨེན་སྐྲངས་བ་ཡོངས་སུ་ཞུད་རག་བར་དུ་བདག་སྐྱོང་བྱེད་དགོས། གལ་ཏེ་བྱིས་པར་ཚ་ཆེན་པོ་ལངས་ནས་མི་འཇོག་པ་དང་། ཡང་ཡང་སྐྱུགས་པ། མགོ་ན་བ། རྣམ་རིག་ཉམས་པ། གཉིད་ལ་དགའ་བ་སོགས་ཀྱི་ནད་རྟགས་བྱུང་ཚེ། དེ་དང་བསྡོངས་བའི་ཀླད་སྐྱིའི་གཉན་ཚད་འབྱུང་བར་དོགས་ཟོན་བྱས་ཏེ། དུས་ཐོག་ཏུ་སྨན་ཁང་ལ་བསྐྱལ་ནས་སྨན་བཅོས་བྱེད་དགོས།

ཁྱིམ་གྱི་བདག་སྐྱོང་ཐད་ནས་བྱིས་པ་མལ་དུ་ཉལ་ནས་ངལ་གསོ་བ་དང་། འཇུ་སླ་བའི་ཟས་རིགས་ཟ་བ། ཆུ་ཁོལ་མང་པོ་འཐུང་དུ་འཇུག་པ་བཅས་བྱེད་དགོས། འགྲམ་རྨེན་གཉན་ཚད་བྱུང་བའི་བྱིས་པར་སྐྱུར་གཤིས་རང་བཞིན་གྱི་ཟས་རིགས་ཟ་རུ་འཇུག་མི་རུང་། དེའི་རྒྱུ་མཚན་ནི་སྐྱུར་གཤིས་རང་བཞིན་གྱི་ཟས་རིགས་ཀྱིས་ན་ཟུག་ཇེ་དྲག་ཏུ་གཏོང་སྲིད། འགྲམ་རྨེན་སྐྲངས་བའི་གནས་དེར་ལག་ཕྱིས་འཁྱག་པ་གླན་ན། ན་ཟུག་ཇེ་ཡང་དང་སྐྲངས་ཞིད་དུ་འཇུག་ཐུབ།

  • ལེ་ཚན་སྔོན་མ།:དབུགས་ལམ་གྱི་འགོས་ནད་ཇི་ལྟར་སྔོན་འགོག་བྱེད་དགོས།
  • ལེ་ཚན་རྗེས་མ།:འཁོར་སྐྱོད་བྱེད་པའི་མི་རྣམས་ཀྱིས་གློ་གཅོང་ནད་ཇི་ལྟར་སྔོན་འགོག་བྱེད་དགོས།
  • དོ་སྣང་ཆེ་བའི་རྩོམ།