དཔྱིད་ཀའི་རྒྱུན་མཐོང་ནད་རིགས་དང་དེ་སྔོན་འགོག་བྱེད་ཐབས།(2)

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།        2010-08-26


གསུམ། ཆུ་ཐོར།

ཆུ་ཐོར་ནི་དགུན་དཔྱིད་ཀྱི་དུས་སུ་ཆེས་མང་དུ་འབྱུང་བ་ཞིག་ཡིན་ཞིང་། དེ་ལ་འགོ་བའི་རང་བཞིན་ཆེན་པོ་ལྡན་པ་ཡིན། ནད་དེ་ལོ་གཉིས་ནས་ལོ་བརྒྱད་བར་གྱི་ལོ་ཆུང་བྱིས་པར་འབྱུང་བ་དང་། ནད་རྟགས་མི་མངོན་པའི་དུས་ཡུན་ནི་ཉིན་བཅུ་བཞི་ཡིན། བརྒྱ་ཆའི་དགུ་ཅུ་ཙམ་གྱི་བྱིས་པར་ལོ་བཅུའི་སྔོན་ལ་ཆུ་ཐོར་བྱུང་མྱོང་བ་རེད། གལ་ཏེ་དར་མའི་དུས་སུ་ཆུ་ཐོར་བྱུང་ཚེ། ནད་རྟགས་ནམ་རྒྱུན་ལས་ཅུང་ཚབས་ཆེ་བ་རེད། ཆུ་ཐོར་བྱུང་རྗེས་ཚ་རྒྱས་པ་དང་ཐང་ཆད་པ། ལུས་ཡོངས་སུ་པགས་འབྲུམ་འབྱུང་བ་སོགས་ཀྱི་ནད་རྟགས་ཡོད་ལ། ཚབས་ཆེ་ཚེ་དེ་དང་བསྡོངས་བའི་ཀླད་པའི་གཉན་ཚད་དང་གློ་བའི་གཉན་ཚད་སོགས་ཀྱི་མཉམ་བྱུང་ནད་འབྱུང་སྲིད། སྤྱིར་བཏང་དུ་ཆུ་ཐོར་མང་ཆེ་བ་ཞིག་རྨ་ཤུན་ཆགས་རྗེས་རང་ཤུགས་སུ་དྲག་སྲིད། འོན་ཀྱང་ཆུ་ཐོར་བྲད་ནས་འགོས་བཙོག་འབྱུང་བར་སྔོན་འགོག་བྱེད་དགོས། མིག་སྔར་ནད་དུག་ཉུང་དུ་གཏོང་བའི་འགོག་ཁབ་ཡོད་ལ། དེའི་ཕན་ནུས་ནི་བརྒྱ་ཆའི་དགུ་ཅུའི་ཡན་རེད།

བཞི། ཐག་དབྱིབས་ཆུར་འབྲུམ།

ཐག་དབྱིབས་ཆུར་འབྲུམ་ནི་ཆུ་ཐོར་ནད་དུག་ཀྱིས་བསླངས་བའི་པགས་ནད་ཅིག་ཡིན། ནད་དེ་དགུན་དཔྱིད་ཀྱི་སྐབས་སུ་འབྱུང་བ་དང་། གལ་ཏེ་རང་སྟེང་གི་ནད་འགོག་ནུས་པ་ཞན་ཚེ། སློབ་ལོ་རན་པའི་བྱིས་པ་ནས་ལོ་དགུ་ཅུའི་བར་གྱི་ལོ་ལོན་བཅས་ཚང་མར་འབྱུང་སྲིད། དེར་མ་ཟད་ཆུ་ཐོར་བྱུང་མ་མྱོང་བའི་མིས་ཐག་དབྱིབས་ཆུར་འབྲུམ་བྱུང་བའི་ནད་པ་དང་འབྲེལ་འདྲིས་བྱས་ཚེ། ཆུ་ཐོར་འབྱུང་སླ་བ་ཡིན། ཆུར་འབྲུམ་དེ་རྒྱུན་པར་ལུས་གཞུང་དང་རྐང་བ། སྐེ་མཇིང་། ངོ་སོགས་སུ་འབྱུང་བ་དང་། ལོ་ཇི་ལྟར་ཆེ་ན་ན་ཟུག་དེ་ལྟར་ཆེ་ཞིང་། ན་ཡུན་ཟླ་གཅིག་ཡན་འགོར་སྲིད།

སྨན་པས་བསྟན་དོན། དམངས་ཁྲོད་དུ་ཁྱབ་པའི་ཆུར་འབྲུམ་གྱི་ཁྱད་པར་ཅན་གྱི་གསོ་བཅོས་བྱེད་ཐབས་སྣ་ཚོགས་ཀྱིས་རྒྱུན་པར་རྨ་ཁ་རྣག་པར་བྱེད་པ་དང་། འགོས་བཙོག་དེ་བས་ཚབས་ཆེན་འབྱུང་དུ་འཇུག་སྲིད་པས། ཐག་དབྱིབས་ཆུར་འབྲུམ་བྱུང་ཚེ་ཚད་ལྡན་གྱིས་སྨན་བཅོས་བྱེད་པ་ལས་དམངས་ཁྲོད་ཀྱི་གསོ་བཅོས་བྱེད་ཐབས་དེ་དག་བཀོལ་མི་རུང་ཟེར།

ལྔ། ཟྭ་འབྲུམ།

ཚོར་ཐལ་འབྱུང་སླ་བའི་བྱིས་པས་དཔྱིད་ཀའི་དུས་སུ་ཟྭ་འབྲུམ་འབྱུང་བར་དོ་སྣང་བྱེད་དགོས། ཟ་འབྲུམ་ནི་ཚོར་ཐལ་རང་བཞིན་གྱི་ནད་རིགས་ཤིག་ཡིན་ཞིང་། ཚོར་ཐལ་འབྱུང་བའི་རྒྱུ་རྐྱེན་རྒྱུན་པར་རྙེད་དཀའ་བས། སྨན་རྫས་དང་ཟས་རིགས་ཀྱིས་བསླངས་བའམ་ཡང་ན་ནམ་ཟླར་གློ་བུར་དུ་འགྱུར་ལྡོག་བྱུང་བ་དང་འཚོ་བར་གནོན་ཤུགས་ཆེ་བ་གང་རུང་གིས་བསླངས་བ་ཡིན་པར་འདོད་ལ། དེས་རྒྱུན་པར་ནད་པའི་སེམས་ཁམས་ལ་གནོད་པ་གཏོང་བཞིན་ཡོད། ཟྭ་འབྲུམ་ལ་གློ་བུར་རང་བཞིན་གྱི་ལུས་ཡོངས་ལ་དམར་ཐིག་འབྱུང་བའི་ནད་རྟགས་ཡོད་པ་དང་། ནད་དེ་འབྱུང་སྐབས་ཟ་འཕྲུག་ཆེན་པོ་ལངས་བ་ཡིན། གསོ་གཅོས་ཐད་ནས་ཆེས་གལ་ཆེ་བ་ནི་ཚོར་ཐལ་འབྱུང་ཁུངས་སྔོན་འགོག་བྱེད་པ་དང་དེ་ནས་སྨན་རྗས་ཀྱིས་གསོ་བཅོས་བྱེད་དགོས་པ་དེ་ཡིན།

དྲུག དབུགས་འཚང་ནད།

དཔྱིད་ཀ་ནི་དབུགས་འཚང་འབྱུང་ཚད་མཐོ་བའི་དུས་ཡིན་པས། ཚོར་ཐལ་འབྱུང་སླ་བའི་མི་རྣམས་ཀྱིས་རྩི་ཤིང་གི་ཟེའུ་རྡུལ་དང་། སྐྱེ་དངོས་ཕྲ་རབ་སོགས་ལ་ཐུག་རེག་བྱས་རྗེས། ནད་དེ་བསླངས་སྲིད།

ནད་དེའི་ནད་རྟགས་གཙོ་བོ་ནི། ལུ་བ་དང་ལུད་པ་ཐོན་པ། བྲང་ཁ་སུབ་པ། དབུགས་འཚང་བ། དབུགས་ལེན་དཀའ་བ། སྣ་དང་མིག་ནང་དུ་ཟ་འཕྲུག་ལངས་བ། སྐྱི་པགས་ལ་ཚོར་ཐལ་འབྱུང་བ་སོགས་ཡིན། ནད་དེ་སྔོན་འགོག་བྱེད་ཐབས་ནི་མེ་ཏོག་གི་ཟེའུ་རྡུལ་ཡོད་པའི་ས་ཆར་འགྲོ་ཚད་ཇེ་ཉུང་དུ་གཏོང་བ་དང་། སྒོ་ཕྱིར་འགྲོ་སྐབས་ཁ་ཐུམ་རྒྱག་དགོས།

བདུན། གློ་བའི་གཉན་ཚད།

དཔྱིད་ཀའི་ནམ་གཤིས་ལ་འགྱུར་ལྡོག་ཆེ་བས། གློ་བའི་གཉན་ཚད་མང་དུ་འབྱུང་བཞིན་ཡོད། ནད་རྟགས་གཙོ་བོ་ནི་ལུ་བ་དང་ལུད་པ་ཐོན་པ། ཚ་རྒྱས་པ། བྲང་ཁ་ན་བ། དབུགས་ལེན་དཀའ་བ་སོགས་ཡིན། ནད་འདི་སྔོན་འགོག་བྱེད་ཐབས་ནི་ལུས་སྟོབས་ཇེ་དྲག་ཏུ་བཏང་ནས་རང་སྟེང་གི་ནད་འགོག་ནུས་བ་ཇེ་མཐོར་གཏོང་བ་དེ་གློ་བའི་གཉན་ཚད་སྔོན་འགོག་བྱེད་པའི་ཕན་ནུས་ལྡན་པའི་བྱེད་ཐབས་ཡིན་པ་དང་། གཞན་ད་རུང་ཚོར་ཐལ་འབྱུང་སླ་བའི་མི་རྣམས་ཟེའུ་རྡུལ་ཡོད་པའི་ས་ཆར་འགྲོ་བ་ཇེ་ཉུང་ཏུ་གཏོང་དགོས། ནམ་ཟླའི་དྲོད་གྲངས་ལ་འགྱུར་ལྡོག་ཆེ་བའི་སྐབས་སུ་རྒྱུན་དུ་གོན་རྒྱུ་ཇེ་མཐུག་ཇེ་སྲབ་ལ་བཏང་ནས་ཆམ་པ་ཕོག་པ་སྔོན་འགོག་བྱེད་དགོས།

བརྒྱད། ཚོར་ཐལ་རང་བཞིན་གྱི་སྣ་རྐོང་གཉན་ཚད།

ཚོར་ཐལ་རང་བཞིན་གྱི་སྣ་རྐོང་གཉན་ཚད་ནི་སྣ་བུག་འབྱར་སྐྱིའི་འགྱུར་འཕྲོད་རང་བཞིན་གྱི་ནད་རིགས་ཤིག་ཡིན་ཞིང་། དུས་ཚིགས་བཞི་བོར་འབྱུང་བ་དང་ལྷག་པར་དུ་དཔྱིད་ཀར་མང་དུ་འབྱུང་བ་ཞིག་ཡིན། ནད་དེའི་ནད་རྟགས་གཙོ་བོ་ནི་སྣའི་ནང་དུ་ཟ་འཕྲུག་ལངས་བ་དང་། རྒྱུན་མཐུད་ནས་སྣ་སྦྲིད་རྒྱག་པ། སྣ་ཆུ་མང་པོ་བཞུར་བ། མཚམས་ལར་ད་རུང་མིག་གི་འབྲེལ་སྐྱི་དང་། ཡ་རྐན། དེ་མིན་རྣའི་ནང་ཕྱོགས་བཅས་ལ་ཟ་འཕྲུག་ལངས་བ་སོགས་ཀྱི་ནད་རྟགས་ཡོད། ནད་དེ་སྔོན་འགོག་བྱེད་ཐབས་ནི་རྩི་ཤིང་གི་ཟེའུ་རྡུལ་ཡོད་ས་དང་ཡང་ན་ཟེའུ་རྡུལ་ཆེས་མང་སར་འགྲོ་བ་ཇེ་ཉུང་དུ་གཏོང་དགོས།

དགུ། བྱིས་པའི་ཆམ་རིམས།

ནད་དེའི་ནད་རྟགས་ནི་ནད་དུག་འགོས་བཙོག་བྱུང་བ་ནས་ནད་རྟགས་འབྱུང་བའི་བར་གྱི་མི་མངོན་པའི་དུས་ཡུན་ནི་དུས་ཚོད་འགའ་ནས་ཉིན་གཉིས་བར་ཡིན། བྱིས་པ་མང་ཆེ་བར་ནད་གློ་བུར་དུ་བྱུང་ནས། གྲང་ཤུམ་རྒྱག་པ་དང་ཚ་རྒྱས་བ། ལུས་དྲོད་ཏུའུ39ཡན་ལ་བསླེབས་ཏེ་ཉིན3ནས5བར་རྒྱུན་སྲིང་བར་མ་ཟད། ད་རུང་དེ་དང་མཉམ་དུ་མགོ་ན་བ་དང་ལུས་ཡོངས་ན་བ། ཐང་ཆད་པ། མིད་པ་སྐམ་པ་དང་ན་བ། ལུ་བ། ལུད་པ་ཐོན་པ། སྣ་ཆུ་བཞུར་བ་སོགས་དབུགས་ལམ་སྟོད་མའི་ནད་རིགས་ཀྱི་ནད་རྟགས་འབྱུང་བ་རེད།

ནད་དེ་གསོ་བཅོས་ཐད་ནས། ཐོག་མར་སྣ་ཆུ་བཞུར་བ་དང་སྣ་སྦྲིད་རྒྱག་པ་ཚབས་ཆེ་ཚེ། ཆམ་ནད་གསོ་བཅོས་བྱེད་པའི་སྨན་ཁ་ཤས་འཐུང་ཆོག་པ་དང་། ལུ་བ་སོགས་ཀྱི་ནད་རྟགས་ཅུང་ཚབས་ཆེ་ཚེ། ལུད་པ་འཇགས་པའི་སྨན་རྫས་འཐུང་ཆོག གལ་ཏེ་ཚ་ཆེན་པོ་ལངས་ཚེ། ཚ་འཇོམས་པའི་སྨན་རྫས་འཐུང་ཆོག

ཁྱིམ་ནས་བདག་སྐྱོང་བྱེད་སྐབས། བྱིས་པར་ཆུ་ཁོལ་མང་པོ་འཐུང་བ་དང་ངལ་གསོ་འདང་ཙམ་བྱེད་དུ་འཇུག་དགོས། བཟའ་བཏུང་ཐད་ནས་འཚོ་བཅུད་དོ་མཉམ་སྲུང་འཛིན་དང་འཇུ་སླ་བའི་ཟས་རིགས་ཟ་རུ་འཇུག་དགོས། དེ་ལྟར་བྱས་ན་སྤྱིར་བཏང་དུ་གཟའ་འཁོར་གཅིག་གི་ནང་ནད་དྲག་འགྲོ་བ་རེད།

གལ་ཏེ་བྱིས་པར་ཚ་ཆེན་པོ་ལངས་ནས་མི་འཇོག་པའམ་ཡང་ནས་ཚ་ལངས་མཚམས་བཞག་རྗེས་ཡང་བསྐྱར་ཚ་ལངས་བ་དང་། དུས་མཉམ་དུ་ལུ་བ་དང་དབུགས་ཧད་པ། ངོ་མདོག་སྐྱ་བོ་དང་སྨུག་པོར་འགྱུར་སྐབས། གྲེ་བའི་གཉན་ཚད་དང་གློ་ཡུ་ཡན་ལག་གཉན་ཚད། གློ་བའི་གཉན་ཚད་སོགས་ཀྱི་མཉམ་བྱུང་ནད་འབྱུང་ཉེན་ཆེ་བས། མྱུར་དུ་སྨན་ཁང་ལ་སོང་ནས་སྨན་བཅོས་བྱེད་དགོས།

བཅུ། མཆེད་པའི་རང་བཞིན་གྱི་ཀླད་སྐྱིའི་གཉན་ཚད།

ནད་དེ་ལ་འགོས་ཁྱབ་རང་བཞིན་ཆེན་པོ་ལྡན་ཞིང་། ལོ་དྲུག་མན་གྱི་བྱིས་པར་འབྱུང་ཚད་ཆེས་མཐོ་བ་རེད། ནད་དེར་དུས་ཚིགས་རང་བཞིན་མངོན་གསལ་ལྡན་ལ། ལོ་རེའི་ཟླ་གསུམ་ནས་བཞིའི་བར་ནི་ནད་དེ་འབྱུང་ཚད་མཐོ་བའི་དུས་ཚིགས་ཡིན། ནད་དེའི་ནད་རྟགས་མི་མངོན་པའི་དུས་ཡུན་ནི་ཉིན་གཉིས་ནས་གསུམ་བར་དང་། ཡང་ན་གཟའ་འཁོར་གཅིག་ཡིན། དེའི་ཁྱད་ཆོས་ནི་ནད་འབྱུང་བ་མྱུར་ཞིང་གློ་བུར་དུ་ཚ་རྒྱས་པ་དང་མགོ་ལ་ན་ཟུག་དྲག་པོ་ལངས་བ། སྐྱུགས་ལངས་བ་དང་སྐྱུགས་པ། རྩ་འཁུམ་པ། སྐེ་མཇིང་རེངས་བ་སོགས་ཀྱི་ནད་རྟགས་འབྱུང་བ་ཡིན། ཚབས་ཆེ་ཚེ་ཉིན་འགའི་ནང་འཆི་བ་དང་ཡང་ན་ཀླད་གཤིས་ཞ་བ་དང་ཀླད་པའི་ཆུ་བསགས་སོགས་ཀྱི་ཤུལ་ལུས་ནད་འབྱུང་བ་ཡིན། ལོ་གསུམ་མན་གྱི་བྱིས་པར་ཚ་རྒྱས་པ་དང་སྐྱུགས་པ། དང་ག་ཞན་པ། གསུས་པ་བཤལ་བ། གཉིད་མི་བདེ་བ་སོགས་ཀྱི་ནད་རྟགས་འབྱུང་བས། རྒྱུན་པར་འཇུ་ལམ་གྱི་ནད་དང་དབུགས་ལམ་ལ་གཉན་ཚད་རྒྱས་པར་གོ་ནོར་འབྱུང་སླ་བ་རེད།

ནད་དེ་གསོ་བཅོས་བྱེད་པའི་ཐད་ནས། ནད་བབ་དང་བསྟུན་ནས་གསོ་བཅོས་བྱས་ན། གཟའ་འཁོར་གཅིག་གི་རྗེས་སུ་རིམ་བཞིན་དྲག་སྲིད། ཁྱིམ་ནས་བདག་སྐྱོང་བྱེད་སྐབས། བྱིས་པར་འཇུ་སླ་བའི་བཟའ་བཏུང་གི་རིགས་སྟེར་བ་དང་། ཆུ་ཁོལ་མང་པོ་འཐུང་དུ་འཇུག་དགོས། གཞན་ད་རུང་ཁང་བའི་སྒོ་དང་དྲ་མ་ཕྱེས་ནས་མཁའ་དབུགས་གསར་བ་རྒྱུ་རུ་འཇུག་པ་རྒྱུན་འཁྱོངས་བྱེད་དགོས།

  • ལེ་ཚན་སྔོན་མ།:དབུགས་ལམ་གྱི་འགོས་ནད་ཇི་ལྟར་སྔོན་འགོག་བྱེད་དགོས།
  • ལེ་ཚན་རྗེས་མ།:འཁོར་སྐྱོད་བྱེད་པའི་མི་རྣམས་ཀྱིས་གློ་གཅོང་ནད་ཇི་ལྟར་སྔོན་འགོག་བྱེད་དགོས།
  • དོ་སྣང་ཆེ་བའི་རྩོམ།