ཡུས་ཧྲུའུ་གནོད་ཕྱིའི་དབུལ་སྐྱོར་གསར་སྤེལ་གྱི་ཐོན་ལས་བསྐྱར་འཛུགས་བྱ་བའི་ཚོགས་འདུ་སྐྱེ་རྒུ་གྲོང་རྡལ་ནས་ཚོགས་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར    མཚོ་སྔོན་གསར་འགྱུར་དྲ་བ།    2011-09-29

ཟླ9བའི་ཚེས27ཉིན་གྱི་སྔ་དྲོར། ཡུས་ཧྲུའུ་གནོད་ཕྱིའི་དབུལ་སྐྱོར་གསར་སྤེལ་གྱི་ཐོན་ལས་བསྐྱར་འཛུགས་བྱ་བའི་ཚོགས་འདུ་དེ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྐྱེ་རྒུ་གྲོང་རྡལ་ནས་ཚོགས།

རྒྱུས་ལོན་པ་ལྟར་ན། “4.14”ས་འགུལ་ལས་ཡུས་ཧྲུའུ་ཁུལ་གྱི་ཤང་གྲོང19ཡི་དབུལ་ཕོངས་སྡེ་བ182ཀྱིས་ལོ་དུ་མའི་རིང་ལག་བསྟར་བྱས་པའི་སྡེ་བ་ཧྲིལ་བོར་སྐུལ་འདེད་བྱེད་ལས་གཞི་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཏེ། རོང་འབྲོག་པ་མི་ཁྲི6.7གནོད་སྐྱོན་ལས་དབུལ་བོར་བསྒྱུར། ཡུས་ཧྲུའུ་ས་འགུལ་བྱུང་རྗེས། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡིས་ཧུར་བརྩོན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་སྙན་ཞུ་འབྲེལ་མཐུད་བྱས་ཏེ། རྒྱལ་ནང་གི་སྙིང་རྗེའི་ལས་ཁུངས་ཀྱི་རོགས་སྐྱོར་བརྩོན་ལེན་བྱས། 2010ལོ་ནས2011ལོའི་བར་བསྡོམས་པས་གནོད་ཕྱིའི་བསྐྱར་འཛུགས་ཀྱི་ལས་གཞི་ལ་མ་དངུལ་སྒོར་དུང་ཕྱུར4.39དངོས་འབེབས་བྱས་པ་དང་། དེས་གནོད་ཕྱིའི་དབུལ་ཕོངས་སྡེ་བའི་ཐོན་ལས་བསྐྱར་འཛུགས་དང་འཕེལ་རྒྱས་ལ་མ་དངུལ་གྱི་ཁག་ཐེག་བྱས་ཡོད།

དབུལ་ཕོངས་སྡེ་བའི་ཐོན་ལས་བསྐྱར་འཛུགས་ལས་གཞིའི་ཐད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ཡུས་ཧྲུའུ་ས་འགུལ་གནོད་ཕྱིའི་བསྐྱར་འཛུགས་ཀྱི་སྤྱིའི་འཆར་འགོད》ལས་དབུལ་སྐྱོར་གསར་སྤེལ་མ་དངུལ་སྒོར་དུང་ཕྱུར1བཀོད་སྒྲིག་བྱས་ཏེ། ཡུས་ཧྲུའུ་ཁུལ་གྱི་རྫོང6གི་ཤང་གྲོང14ཡི་གནོད་ཐེབས་ཚབས་ཆེན་ཡིན་པའི་དབུལ་ཕོངས་སྡེ་བ53དུ་གནོད་ཕྱིའི་ཐོན་ལས་བསྐྱར་འཛུགས་ལས་གཞི་ལག་བསྟར་བྱས་པ་དང་། དེ་དབུལ་ཕོངས་ཁྱིམ་ཚང8200དང་མི་ཁྲི4.1ལ་ཁྱབ་ཡོད། མིག་སྔར་ནང་ཆེན་དང་ཆུ་དམར་ལེབ། རྫ་སྟོད་བཅས་རྫོང3གྱི་ལས་གཞི་སྤེལ་འགོ་བརྩམས། འབྲི་སྟོད་དང་ཁྲི་འདུ། ཡུས་ཧྲུའུ་བཅས་རྫོང་གསུམ་གྱི་ལས་གཞི་ཇུས་འགོད་གཏན་འཁེལ་བྱས་ཟིན་ལ། ཉེ་ལམ་ལག་བསྟར་བྱེད་འགོ་རྩོམ་རྒྱུ་རེད།

དབུལ་སྐྱོར་གསར་སྤེལ་གཙོ་གནད་བྱ་བའི་ཐད། 2010ལོ་ནས2011ལོའི་བར་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡིས་ཡུས་ཧྲུའུ་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་ལ་མ་དངུལ་སྒོར་དུང་ཕྱུར1.82བཏང་སྟེ་སྡེ་བ་ཧྲིལ་བོར་སྐུལ་འདེད་ལས་གཞི་དང་གནས་སྤོར། རོང་འབྲོག་པའི་ཟབ་སྦྱོང་། དབུལ་ཕོངས་སྡེ་བའི་ཕན་ཚུན་མ་དངུལ་རོགས་སྐྱོར་ཚོད་ལྟའི་ས་ཚིགས། ལམ་ལུགས་གཉིས་ཀྱི་ཕན་ལྡན་འབྲེལ་མཐུད་ཚོད་ལྟའི་ས་ཚིགས་སོགས་ཀྱི་བྱ་བ་བཀོད་སྒྲིག་དང་ལག་བསྟར་བྱས། མིག་སྔར་བྱ་བ་སོ་སོ་བརྟན་བརླིང་ངང་གོང་དུ་སྤེལ་བཞིན་ཡོད། །

  • ལེ་ཚན་སྔོན་མ།:ཡུས་ཧྲུའུ་རྫོང་ར་ཕྱུག་ཞོལ་མ་གྲོང་བརྡལ་གྱི་རོང་འབྲོག་ཁྱིམ་ཚང་བཞི་བརྒྱ་དང་རེ་དྲུག་སྡོད་ཁང་གསར་བའི་ནང་ག
  • ལེ་ཚན་རྗེས་མ།:རྒྱལ་སྟོན་དུས་ཆེན་སྐབས་སུ་བདེ་ཆེན་ཁུལ་གྱི་བོད་རིགས་སློབ་མ་ཡུན་ནན་ཞིང་ཆེན་ཁོན་མིན་གྲོང་ཁྱེར་དུ་ལྟ་སྐོ
  • དོ་སྣང་ཆེ་བའི་རྩོམ།