བང་ལིན་ཅོན་གྱིས་ཡུལ་ཤུལ་ཁུལ་གྱི་བསྐྱར་འཛུགས་བཟོ་སྐྲུན་ལ་རྟོག་ཞིབ་བྱས།
བཀྲ་ཤིས་འབུམ། མཚོ་སྔོན་ཉིན་རེའི་ཚགས་པར། 2011-08-11
མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་ཁང་གི་བཀོད་འདོམས་དཔོན་པོ་བང་ལིན་ཅོན་ཚེས་དགུ་ཉིན་གྱི་སྔ་དྲོར་པེ་ཅིན་གྲོང་ཁྱེར་ལམ་ཟམ་ཡུས་ཧྲུའུ་རོགས་སྐྲུན་བཀོད་འདོམས་ཁང་གིས་རོགས་སྐྲུན་བྱེད་པའི་སྐྱེ་རྒུ་གྲོང་བརྡལ་གྱི་བཙོག་ཆུ་ཐག་གཅོད་བཟོ་གྲྭ་དང་གད་སྙིགས་གཙང་བཤེར་བྱེད་ས། གཞུང་རྐ་གཙོ་བོ་འཛུགས་སྐྲུན་བྱེད་ས་སོགས་ལ་སོང་ནས་ཡུས་ཧྲུའུ་གྲོང་ཁྱེར་གྱི་བསྐྱར་འཛུགས་བཟོ་སྐྲུན་ལག་བསྟར་གནས་ཚུལ་ལ་རྟོག་ཞིབ་བྱས།རྟོག་ཞིབ་བྱེད་སྐབས་བང་ལིན་ཅོན་གྱིས་བཤད་རྒྱུར། ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གལ་ཆེན་ཞིག་དང་ཡུས་ཧྲུའུ་ས་ཁུལ་གྱི་རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་བྱེད་ཐབས་གཙོ་བོ་ཞིག་ཡིན་པས། རོགས་སྐྲུན་ལས་ཁུངས་སོ་སོས་ཡུས་ཧྲུའུ་བསྐྱར་འཛུགས་བཟོ་སྐྲུན་གྱི་ཆབ་སྲིད་དོན་སྙིང་གསལ་བོར་ཤེས་པར་བྱས་ནས་སྤུས་ཚད་ལེགས་པའི་སྒོ་ནས་བསྐྱར་འཛུགས་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།