ཡུལ་ཤུལ་ཁུལ་གྱི་དབུལ་ཕོངས་སློབ་མ་༡༥༢ལ་སློབ་རོགས་སྒོར་མོ་འབུམ་ལྔ་དང་ཁྲི་བཞི་བྱིན།
གཡང་འབུམ་རྒྱལ། མཚོ་སྔོན་གསར་འགྱུར་དྲ་བ། 2011-08-07
ཉིས་སྟོང་བཅུ་ལོར་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་སོ་སོར་རྒྱུགས་འཕྲོད་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་མ་བརྒྱ་དང་ང་གཉིས་ལ་སློབ་རོགས་མ་དངུལ་སྟེར་བའི་མཛད་སྒོ་དེ་ཉེ་སྔོན་སྐྱེ་རྒུ་གྲོང་བརྡལ་བཀྲ་ཤིས་ཁོག་ནས་བསྡུས།མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་དང་དམངས་སྲིད་ཅུའུ་ཡི་འགན་འཁུར་བློ་མཐུན་མཛད་སྒོར་ཞུགས།
ཡུལ་ཤུལ་ལ་བཞི་བའི་བཅུ་བཞིའི་ཉིན་གྱི་ས་འགུལ་བྱུང་རྗེས། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་ཅུའུ་ཡིས་མ་མཐའི་འཚོ་བ་འགན་སྲུང་བྱེད་པའི་ཁྱིམ་ཚང་དང་ས་འགུལ་གྱི་ཁྲོད་ནས་ཁྱིམ་མི་རྐྱེན་ལམ་དུ་ཤོར་བའི་ཁྱིམ་ཚང་གི་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭར་རྒྱུགས་འཕྲོད་པའི་སློབ་མར་རྩིས་ལེན་གསལ་བོ་བྱས་པར་མ་ཟད། དུས་ཐོག་ཏུ་འབྲེལ་ཡོད་སྙིང་རྗེ་རྩ་འཛུགས་དང་ཁེ་ལས་སོགས་ཀྱིས་རོགས་སྐྱོར་བྱེད་པར་རེ་ཞུ་བྱས། ཕྱོགས་མང་པོའི་ཐད་ནས་འབད་བརྩོན་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྙིང་རྗེ་སྤྱིའི་ཚོགས་པ་དང་ནུབ་བྱང་གློག་དྲ་སྡེ་ཚོགས་གཉིས་ཀྱིས་རོགས་སྐྱོར་ཆེན་པོ་བྱས་པ་དང་། སྡོམ་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་དབུལ་ཕོངས་སློབ་མ་བརྒྱ་དང་ང་གཉིས་ལ་རོགས་སྐྱོར་བྱས་ཤིང་། དེའི་ནང་སློབ་ཆེན་གྱི་དངོས་གཞིའི་སློབ་མ་བརྒྱད་ཅུ་གྱ་བཞི་ཡོད་པ་དང་སློབ་མ་རེར་སྒོར་མོ་སྟོང་བཞི་ཡི་རོགས་སྐྱོར་བྱས་པ་དང་། འབྲིང་རིམ་ཆེད་སྦྱོང་སློབ་གྲྭའི་སློབ་མ་དྲུག་ཅུ་རེ་བརྒྱད་ཡོད་ལ་མི་རེ་ལ་སྒོར་མོ་སྟོང་གསུམ་རེའི་རོགས་སྐྱོར་བྱས་ཏེ། སྡོམ་པས་སྒོར་མོ་འབུམ་ལྔ་དང་ཁྲི་བཞི་ཡིས་རོགས་སྐྱོར་བྱས།