མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་རྒུ་གྲོང་བརྡལ་གྱི་བསྐྱར་འཛུགས་བཟོ་སྐྲུན་གྱི་རྒྱུ་སྤུས་ལ་ཞིབ་བཤེར་བྱེད།
གཡང་འབུམ་རྒྱལ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2011-07-18
ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བཟོ་སྐྲུན་གྱི་རྒྱུ་སྤུས་བདེ་འཇགས་ལྟ་སྐུལ་དོ་དམ་བྱ་བར་ཤུགས་སྣོན་པ་དང་། ཞིང་ཆེན་ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་པུའུ་ཡི་རེ་བ་ལྟར། དུས་ཡུན་ཉིན་བཅུ་ཡིན་པའི་སྐྱེ་རྒུ་གྲོང་བརྡལ་གྱི་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཇུགས་སྡོད་ཁང་གི་བཟོ་སྐྲུན་རྒྱུ་སྤུས་དང་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་བྱ་བ་དེ་ཟླ་བདུན་པའི་ཚེས་ལྔ་ཉིན་ནས་བཟུང་མགོ་བརྩམས།
ཐེངས་འདིར་ཞིབ་བཤེར་བྱེད་པའི་ནང་དོན་གཙོ་བོ་ལ་རྒྱུ་སྤུས་དང་བདེ་འཇགས་བཅས་རིགས་ཆེན་པོ་གཉིས་འདུ། བཟོ་སྐྲུན་རྒྱུ་སྤུས་ལ་ཞིབ་བཤེར་བྱེད་པའི་ནང་དོན་གཙོ་བོ་ནི་བཟོ་སྐྲུན་ལས་གཞིའི་རྒྱུ་སྤུས་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་པའི་གནས་ཚུལ་དང་བཟོ་སྐྲུན་ཇུས་འགོད་དང་བཟོ་སྐྲུན་གྱི་ཇུས་གཞིའི་སྒྲིག་ལུགས། ཞིབ་བཤེར་མཆན་བཀོད། དེ་མིན་མི་སྣའི་ལས་ཞུགས་གནས་ཚུལ་སོགས་འདུས། བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་གྱི་ནང་དོན་གཙོ་བོ་ལ། བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་དང་སྐོར་གཡེང་ཞིབ་བཤེར། ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་དང་བདེ་འཇགས་ཐོན་སྐྱེད་སོ་སོའི་སྒྲིག་སྲོལ་ལམ་ལུགས་ལག་བསྟར་དངོས་འབེབས་བྱས་པའི་གནས་ཚུལ་སོགས་འདུས། ཐེངས་འདིར་སྐྱེ་རྒུ་གྲོང་བརྡལ་གྱི་སླར་གསོ་བསྐྱར་འཛུགས་ལས་གཞིར་ཞིབ་བཤེར་བྱེད་པའི་ཁྱབ་ཚད་བརྒྱ་ཆའི་བརྒྱ་རེད།