ཡུལ་ཤུལ་འབྲི་སྟོད་རྫོང་གི་ཁྱིམ་ཚང༡༣༦༨སྡོད་ཁང་གསར་བར་སྤོར།
ཕྱུག་ལོ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2011-07-18
ད་ལོར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཡུས་ཧྲུའུ་ཁུལ་འབྲི་སྟོད་རྫོང་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་ཁང་གིས་བྱ་བའི་ཤུགས་ཚད་སྔར་ལས་ཇེ་ཆེར་བཏང་བ་དང་། བཟོ་སྐྲུན་མྱུར་དུ་དམ་འཛིན་བྱས་ཏེ། འབྲི་སྟོད་རྫོང་གི་ཁྱིམ་ཚང་སྟོང་གཅིག་དང་སུམ་བརྒྱ་རེ་བརྒྱད་ཟླ་དགུ་བར་ཁང་པ་གསར་བའི་ནང་དུ་སྤོར་བར་བརྩོན་ལེན་བྱེད་བཞིན་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ནུབ་ཁུལ་གྱི་འབྲི་སྟོད་རྫོང་རོགས་སྐྲུན་བཀོད་འདོམས་ཁང་གིས་འགན་འཁུར་བའི་རོགས་སྐྲུན་ལས་འགན་ལ་མཁར་གྲོང་སྡོད་དམངས་ཀྱི་སྡོད་ཁང་དང་། སྤྱི་པའི་ཞབས་ཞུའི་སྒྲིག་ཆས། རྨང་གཞིའི་སྒྲིག་ཆས། འཆམ་མཐུན་ཁྱིམ་གཞི་བཅས་སྣ་ཆེན་པོ་བཞིའི་རྣམ་གྲངས་དོན་དྲུག་ཡོད་ལ། བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་འབུམ་གཉིས་དང་ཁྲི་གཉིས་ཙམ་ཡོད་པ་དང་། བསྡོམས་པས་མ་དངུལ་སྒོར་མོ་དུང་ཕྱུར་དགུ་དང་བྱེ་བ་དྲུག་ས་ཡ་བརྒྱད་གཏོང་རྒྱུ་ཡིན་ཞིང་། མ་དངུལ་དེ་དག་ནི་ཀྲུང་དབྱང་གི་སྤྱིར་བཏང་སྔོན་རྩིས་ཡོང་སྒོ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་བྱིན་པའི་གཅིག་གྱུར་གྱི་མ་དངུལ། ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ། སྤྱི་ཚོགས་ཀྱི་ཞལ་འདེབས་མ་དངུལ་སོགས་ཀྱིས་གྲུབ་པ་རེད།
མཚོ་ནུབ་ཁུལ་འབྲི་སྟོད་རོགས་སྐྲུན་བཀོད་འདོམས་ཁང་གི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་བཤད་རྒྱུར། ད་ལོའི་མཁར་གྲོང་གི་ཁྱིམ་ཚང་སྟོང་གཅིག་དང་སུམ་བརྒྱ་རེ་བརྒྱད་ཀྱི་སྡོད་ཁང་བསྐྱར་འཛུགས་རྣམ་གྲངས་དེ་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་གྱི་སྔོན་ལ་ཡོངས་འགྲུབ་བྱས་ཏེ། སྡོད་ཁང་ནང་དུ་སྤོར་བར་བརྩོན་ལེན་བྱེད་རྒྱུ་ཡིན་པ་དང་། དེའི་ནང་གི་སྐོར་དང་པོའི་ཁྱིམ་ཚང་སུམ་བརྒྱ་ཞེ་གཉིས་ཀྱི་སྡོད་ཁང་ནང་དུ་ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་ཡས་མས་སུ་མི་བསྡད་ཆོག་ཟེར།