ཡུས་ཧྲུའུ་ས་ཁུལ་དུ་གནོད་འཚེ་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ཀྱི་སྔོན་ཐོན་བསྐྲུན་པ་དང་ཕུལ་བྱུང་བརྩོན་པའི་ངལ་རྩོལ་འགྲན་བསྡུར་གྱི་ཚ་རླབས་གསར་བ་ཞིག་འཕྱུར་བཞིན་པ།
གཡང་འབུམ་རྒྱལ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2011-07-04
ཟླ་བདུན་པའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་ངལ་རྩོལ་འགྲན་བསྡུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་འཛུགས་སྐྲུན་བཟོ་ཚོགས་གཉིས་ཀྱིས་རྩ་འཛུགས་བྱས་ཏེ་སྤེལ་བའི་ཡུས་ཧྲུའུ་གནོད་འཚེ་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ཀྱི་སྔོན་ཐོན་བསྐྲུན་པ་དང་ཕུལ་བྱུང་བརྩོན་པའི་ངལ་རྩོལ་འགྲན་བསྡུར་བྱ་འགུལ་དེ་སྐྱེ་རྒུ་གྲོང་བརྡལ་ནས་སྤེལ།
ད་ལོ་ནི་ཡུས་ཧྲུའུ་གནོད་འཚེ་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བའི་གནད་འགག་གི་ལོ་ཡིན་པ་དང་། ལས་འགན་གྱི་ཚད་དེ་ལོ་གསུམ་གྱི་སླར་གསོ་བསྐྱར་འཛུགས་བྱ་བའི་ལས་འགན་གྱི་བརྒྱ་ཆའི་རེ་ལྔ་ཡིན། ཞིང་ཆེན་ནང་ཁུལ་གྱི་རྒྱ་ཆེའི་ཁེ་ལས་ཀྱི་རོགས་སྐྲུན་ལས་བཟོ་བ་སླར་གསོ་བསྐྱར་འཛུགས་ཀྱི་བྱ་བའི་ཁྲོད་ཞུགས་པར་སྐུལ་སློང་ཆེན་པོ་བྱེད་པ་དང་ཡུས་ཧྲུའུ་སླར་གསོ་བསྐྱར་འཛུགས་བྱེད་པའི་གནད་འགག་གི་བྱ་བ་སྣ་ཚོགས་སྒོ་ཀུན་ནས་དམ་འཛིན་བྱེད་ཆེད། མཚོ་སྔོན་ཞིང་ཆེན་མཁར་གྲོང་སྡོད་ཁང་འཛུགས་སྐྲུན་ཐིན་གྱིས་ཟླ་བདུན་པའི་ཟླ་སྟོད་ནས་ཟླ་དགུ་བའི་ཟླ་སྨད་བར་དུ། ཡུས་ཧྲུའུ་གནོད་འཚེ་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བའི་ཁྲོད“གཙོ་ཁྲིད་དམག་བཟང་བོ་ཞིག་བྱེད་པ་དང་ལས་གནས་སུ་བྱས་རྗེས་འཇོག་པ། ཡུས་ཧྲུའུ་གསར་བ་འཛུགས་སྐྲུན་བྱེད་པ”བཅས་བརྗོད་དོན་གཙོ་བོ་ཡིན་པའི་སྔོན་ཐོན་བསྐྲུན་པ་དང་ཕུལ་བྱུང་བརྩོན་པའི་ངལ་རྩོལ་འགྲན་བསྡུར་གྱི་བྱ་འགུལ་སྤེལ་མགོ་བརྩམས།
བྱ་འགུལ་མགོ་རྩོམ་པའི་མཛད་སྒོའི་སྟེང་། ཞིང་ཆེན་ཡུས་ཧྲུའུ་ས་འགུལ་གནོད་འཚེ་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ། ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་གྱི་ཐིན་ཀྲང་ཁོན་ཡོན་གྱིས་ཐེངས་འདིའི་བྱ་འགུལ་ལ་ཞུགས་པའི་ཞིང་ཆེན་ནང་ཁུལ་གྱི་རོགས་སྐྲུན་ཁེ་ལས་རྣམས་ཀྱིས་བྱ་འགུལ་གྱི་ནང་དོན་བརྗོད་བྱར་བཟུང་སྟེ། ས་འགུལ་གྱི་གནོད་འཚེ་སེལ་བའི་རླབས་ཆེན་སྙིང་སྟོབས་དར་སྤེལ་བྱེད་པ་དང་ཁེ་ལས་ཀྱི་སྣང་བརྙན་བཟང་བོ་བསྐྲུན་ནས། ཟླ་དགུ་བའི་ཟླ་སྨད་བར་དུ་རོང་འབྲོག་པའི་སྡོད་ཁང་འཛུགས་སྐྲུན་གྱི་ལས་འགན་ཡོང་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།