བདེ་བར་བཞུད། ངའི་སྲོག་དང་འདྲ་བའི་སྤུན་གྲོགས་ཚོ།
མཚོ་ལྷོ།(ནོར་བུ་སྟག་ཐར་གྱིས།) 2011-04-14
འབྱུང་གཞི་འཁྲུགས་པའི་ཆོམ་སྒྲ་དང་ལྷན་དུ།
སྟར་ཕྲེང་སྒྲིག་པའི་ཁང་བཟང་གི་ཚོགས་ནི།
སྐད་ཅིག་ཉིད་ལ་དུ་སྨུག་གིས་ཡོངས་སུ་ཁྱེར་ནས།
ཡོད་ཚད་གོ་རིམ་འཆོལ་བས་སྐྱ་ཟད་སྔོ་སྡུག་ལ་སྦྱར།
རི་བོ་འགུལ་ཞིང་ས་གཞི་གཡོ་བའི་འཁྱོམ་སྒྲ་དང་ལྷན་དུ།
ལྷོག་ལྷོག་གདུ་བའི་མི་ཚོགས་ཀྱི་འདུ་འགོད་དྲག་པོས།
དོན་ལྔ་སྣོད་དྲུག་དྲུངས་ནས་འབྱིན་འདྲའི་ངུ་འབོད་ཀྱི་བར་གསེང་བརྒྱུད་དེ།
ཨ་མ་ཞེས་པའི་མིང་བརྡ་སྙན་མོ་དང་།
ཨ་ཕ་ཞེས་པའི་བརྩེ་བ་ཟབ་མོ་བར་སྣང་གི་བྲག་ཅར་འཁྱིལ།
ཡོད་ཚད་རྡུལ་དུ་བརླགས་པའི་ཟང་ཟིང་གི་དངོས་པོ་རེ་རེ་ནི།
མར་ལ་གཡུགས་པའི་དགོས་མེད་ཀྱི་གད་སྙིགས་ཕུང་པོ་ཞིག་དང་འདྲ་བར།
གྲོང་རྡལ་འདིའི་ག་ས་གང་ན་བྱུར་བུར་སྤུངས་ཤིང་།
དུ་སྨུག་གི་འབར་གས་ཁྲོད་དུ་འདུར་རྒྱུག་གི་གོམ་ཁ་མྱུར་བའི་ཕུ་ནུ་མིང་སྲིང་གི་བརྩེ་བ་ཕྲ་མོ་ལས་ཕན་ཚུན་མཇལ་འདོད་ཀྱི་མིག་ཆུའི་ཕྲེང་ཐག་ཆད་དེ།
ལག་པས་སྤར་འབྲད་ཀྱིས་ཡར་ཡར་སློག་ཅིང་།
རྐང་པས་རྡོག་བརྫིས་ཀྱིས་མར་མར་བཙལ།
བཙལ་བཙལ་བའི་མཐའ་མར་སེམས་ཀྱི་ན་ཟུག་ངོ་གདོང་ལ་བསྡུས་ཏེ་རེ་ཞིག་དྲན་པས་བརྒྱལ།
འདི་ལྟར་ཚེ་སྲོག་བརྒྱ་ཕྲག་མང་པོ་སྐད་ཅིག་ཉིད་ལ་ལྔ་ལམ་དུ་བརྫངས་པས།
མི་ཤི་ཁྱིམ་སྟོང་དང་ཕ་མེད་དྭ་ཕྲུག་ཏུ་ལུས་པ་རེ་གཉིས་ག་ལ་ཡིན།
ཡིད་སྐྱོ་བའི་རྣམ་པ་འདི་རིག་ཐེངས་རེར།
སུས་ཀྱང་བདེ་བར་མི་འཁོད་པའི་སྙིང་རྩ་ལྕུག་ལྕུག་འདར།
སུས་ཀྱང་བཀག་ནས་མི་ཁོག་པའི་སྙིང་རྗེ་བའི་མིག་ཆུ་ཤམ་ཤམ་བཞུར།
ཀྱི་ཧུད། འཇིགས་རུང་གི་གནོད་འཚེ་དྲག་པོས་ངའི་རིགས་གཅིག་སྤུན་ཟླ་གང་དུ་ཁྲིད་ཨང་།
ཡ་ང་བའི་རང་བྱུང་གི་ཆག་འཇིག་ཆེན་པོས་ངའི་བོད་མི་སྤུན་གྲོགས་གང་ལ་དེད་ཨང་།
ང་ཚོའི་འཇིག་རྟེན་འདིར་མེ་ཏོག་གི་བསུང་ངད་དང་བྱ་བྱེའུ་ཡི་སྐད་སྙན་མཛེས་ནའང་།
ཁོ་མོའི་ཡིད་སེམས་རྒོད་པོ་དུས་ད་ལྟ་ད་དུང་ཟང་ཟིང་གི་སྐྱེ་རྒུའི་གྲོང་ན་ཡོད།
ང་ཚོའི་འཇིག་རྟེན་འདིར་བ་གམ་ཁང་བརྩེགས་ཀྱི་བཀོད་པ་ལྷ་ཡུལ་ལས་མཛེས་ནའང་།
ཁོ་མོའི་སེམས་པ་ཆུ་ཕྲན་དྭངས་མོ་དུས་ད་ལྟ་སྐྱེ་རྒུ་གྲོང་རྡལ་གྱི་པང་ཁ་ན་བཞུར་བཞིན་ཡོད།
ང་ཚོའི་བར་ཐག་རི་ཆུ་སྟོང་ཕྲག་གིས་ཆོད་ནའང་།
ང་ཚོའི་བར་ཐག་ལེ་དབར་སྟོང་ཕྲག་གིས་ཆོད་ནའང་།
ཁོ་མོའི་མཛའ་བརྩེ་བཅངས་པའི་དམར་ཆུང་སེམས་པ།
གདུག་རྩུབ་ཆེན་མོའི་ས་འགུལ་གྱི་རྐྱེན་ངན་ཁྲོད་དུ།
ཚེ་སྲོག་ཤོར་བའི་རྒན་དར་གཞོན་གསུམ་གྱི་རྣམ་ཤེས་ལ་བརྒྱུས་ཡོད།
ཁོ་མོའི་ལྷོག་ལྷོག་འཁོལ་བའི་ཁྲག་དྲོན་དམར་པོ།
སྙིང་རྗེ་མེད་པའི་ས་འགུལ་གྱི་རྐྱེན་ངན་ཁྲོད་དུ།
ཚེ་སྲོག་ཤོར་བའི་ཕུ་ནུ་མིང་སྲིང་གི་རྩ་ལམ་ན་རྒྱུ་བཞིན་ཡོད།
གནས་འདི་ནས་ང་དང་ང་འདྲ་བའི་རིགས་གཅིག་བོད་པ་ཡོངས་ཀྱིས།
ལག་ཟུང་མཐེབ་མོ་སྙིང་ཁར་སྦྱར་ཏེ་ཕག་གསུམ་འཚལ་བ་དང་།
སྨོན་འདུན་གཙང་མས་གྲུབ་པའི་ཡིག་དྲུག་མ་ཎི་ཡང་ཡང་ཟློ་བཞིན།
ཁྱེད་ཅག་བདེ་བ་ཅན་གྱི་ཞིང་ཁམས་ནས་སྐྱེས་པའི་སྐྱབས་འཇུག་ཞུ་བ་ལས།
ང་དང་ང་འདྲ་བའི་རིགས་གཅིག་བོད་པས་ཅི་ཞིག་སྒྲུབ་ཐུབ།
བདེ་བར་བཞུད། ངའི་ཕུ་ནུ་དང་མིང་སྲིང་ཚོ།
བདེ་བར་བཞུད། ངའི་གྲོགས་པོ་དང་གྲོགས་མོ་ཚོ།
རང་བྱུང་གནོད་འཚེ་ཡི་འཇིགས་རྔམ་ཇི་ལྟར་རྒོད་ཀྱང་།
བླ་མེད་སྲིད་ཇུས་བཟང་པོའི་ཉིན་བྱེད་ཀྱི་གཟི་བྱིན་དང་།
སྤུན་ཟླ་མི་རིགས་ཁག་གི་སྙིང་རྗེ་ཡི་ཕག་ཟུང་དྲོན་མོས།
གནོད་འཚེའི་དཀའ་ཁག་ལ་དཔའ་མི་ཞུམ་པའི་རྒོལ་ལན་སྤྲད་དེ།
སེམས་ཀྱི་གཏིང་ནས་ཤག་ཤག་དངུལ་གྱི་ཞལ་འདེབས་ཕུལ་ཅིང་།
བྱམས་བརྩེའི་ཀློང་ནས་འཇམ་པོ་དྲོད་ཀྱི་ལྟོ་གོས་ཕངས་མེད་དུ་སྦྱིན་པས།
འཆམ་མཐུན་གྱི་ཉི་འོད་ཕྱོགས་བཅུར་འཕྲོས།
བརྩེ་མཐུན་གྱི་གསེར་ཟམ་གང་སར་འཕངས།
བདེ་བར་བཞུད། ངའི་སྙིང་དང་འདྲ་བའི་ཕུ་ནུ་ཚོ།
བདེ་བར་བཞུད། ངའི་སྲོག་དང་འདྲ་བའི་སྤུན་གྲོགས་ཚོ།
མི་ཡུལ་འདིར་འོད་ཟེར་ཡོད་ཚེ།
འཚོ་བར་ནམ་ཡང་དཔྱིད་དཔལ་མངོན་ཞིང་།
འཚོ་བར་ནམ་ཡང་རེ་བས་ཁེངས་ངེས།