རང་ཁུལ་གྱིས་སློབ་གྲྭར་ཞག་སྡོད་ལམ་ལུགས་གཞི་ཁྱོན་སྤུས་ལེགས་སློབ་འཛུགས་ཀྱི་ཡུལ་དངོས་ཉམས་མྱོང་སྤེལ་རེས་ཚ(2)

(གསར་འགྱུར་པ་ཐུབ་བསྟན་གྱིས།)        2012-05-28

རྫོང་ཁག་གསུམ་གྱི་ཏང་ཨུ་དང་སྲིད་གཞུང་གིས་ནུས་ཤུགས་ཡོད་དགུ་བཏོན་ནས་སློབ་གསོ་དམ་འཛིན་ཆེན་པོ་དང་དར་སྤེལ་ཆེན་པོ་བཏང་ནས་སློབ་གྲྭར་ཞག་སྡོད་ལམ་ལུགས་གཞི་ཁྱོན་སྤུས་ལེགས་ཀྱི་སློབ་འཛུགས་བྱ་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཞིང་སྡེ་གསར་པ་འཛུགས་སྐྲུན་དང་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་སྐུལ་འདེད་གཏོང་བའི་འགག་གཏོར་ས་དང་འགོ་འཛུགས་ས་བྱས་ཏེ་རྙོག་དྲ་ཆེ་ལ་ཐག་གཅོད་དཀའ་བའི་གནད་དོན་མང་པོ་འཕྲལ་ཐག་བཅད་ནས་མི་དམངས་མང་ཚོགས་ཀྱིས་སྤུས་ལེགས་སློབ་གསོ་ཐེབས་འདོད་ཡོད་པའི་རེ་སེམས་བསྐོངས་བས་རྒྱ་ཆེའི་མང་ཚོགས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པ་རེད།  ལི་ཐང་རྫོང་གིས་རྫོང་གྲོང་ལྟེ་གནས་བྱས་པའི་སློབ་གྲྭར་ཞག་སྡོད་ལམ་ལུགས་གཅིག་སྡུད་སློབ་འཛུགས་བྱས་ནས་ལེགས་གྲུབ་བྱུང་བའི་རྣམ་པ་དེས་འབྲོག་ཁུལ་སློབ་གསོར་མིག་དཔེའི་དར་ཆ་ཞིག་བསྒྲེངས་པ་དང་།  ཕྱག་ཕྲེང་རྫོང་གིས་གྲོང་ཁྱེར་དང་གྲོང་རྡལ་གཅིག་གྱུར་ཅན་གྱི་སློབ་གྲྭར་ཞག་སྡོད་ལམ་ལུགས་གཞི་ཁྱོན་ཆེ་བའི་སློབ་འཛུགས་རྣམ་པ་སྤེལ་བ་དེས་ཁུལ་ཡོངས་ཀྱི་སློབ་གསོ་རྫོང་ཁོངས་ནང་ཚུད་དུ་ཆ་སྙོམས་སྤུས་ལེགས་འཕེལ་རྒྱས་ཡོང་བར་མིག་དཔེའི་དར་ཆ་ཞིག་བསྒྲེངས་པ་དང་།   འབའ་ཐང་རྫོང་གིས་ལངས་ཚད་མཐོ་བའི་འཆར་འགོད་དང་།  ལག་སྤོབས་ཆེ་བའི་འཛུགས་སྐྲུན།   ཀུན་ལས་ལྷག་པའི་སྟོབས་ཤུགས་བཅས་ཀྱིས་སློབ་གསོའི་འཆར་འགོད་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་བྱེད་ཐབས་བཀོད་པ་དེ་ནི་སློབ་གསོའི་ཐོན་ཁུངས་སྒྲིག་སྦྱོར་དང་སློབ་འཛུགས་རྣམ་པ་སྤུས་ལེགས་ཅན་དུ་གཏོང་བའི་འཚོལ་ཞིབ་ནུས་ལྡན་དང་འགག་སྒྲོལ་གལ་ཆེན་ཞིག་ཡིན་པ་རེད།        ཞུས་ཁྲུན་ཞིའུ་ཡིས་ངེས་པར་དུ་སློབ་གྲྭར་ཞག་སྡོད་ལམ་ལུགས་གཞི་ཁྱོན་སྤུས་ལེགས་སློབ་འཛུགས་བྱ་རྒྱུ་ནི་དཀར་མཛེས་ཁུལ་གྱི་ཕྲུ་གུ་ཐམས་ཅད་སློབ་གྲྭ་བཟང་པོར་འདོན་ཐུབ་པའི་དམིགས་ཚད་མངོན་འགྱུར་ཡོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་།  འོས་འགན་སློབ་གསོ་ཆ་སྙོམས་འཕེལ་རྒྱས་མངོན་འགྱུར་ཡོང་བའི་རྟེན་གཞི་གལ་ཆེན་ཞིག་ཡིན་པ།  སྤྱི་པའི་ཞབས་ཞུ་དྲང་སྙོམས་ཅན་དང་ཞིང་སྡེ་གསར་པ་འཛུགས་སྐྲུན་མངོན་འགྱུར་ཡོང་བའི་ལག་ཇུས་གལ་ཆེན་ཞིག་ཡིན་པ་བཅས་ལ་ངོས་འཛིན་གང་ལེགས་ཐུབ་པ་བྱེད་དགོས།  སློབ་གྲྭར་ཞག་སྡོད་ལམ་ལུགས་གཞི་ཁྱོན་སྤུས་ལེགས་སློབ་འཛུགས་བྱ་རྒྱུའི་གལ་ཆེན་ལས་དོན་ཧུར་ཐག་གི་སྒོ་ནས་དམ་འཛིན་བྱེད་ཆེད་ངེས་པར་དུ་འཆར་འགོད་སྔོན་དུ་བྱེད་པར་དོ་སྣང་བྱས་ཏེ་སློབ་གྲྭའི་ཆགས་ཚུལ་ལ་དམ་འཛིན་བྱེད་དགོས་པ་དང་།  ངེས་པར་དུ་ཚད་ལྡན་ཅན་ལ་དོ་སྣང་བྱས་ཏེ་སློབ་གྲྭའི་སྡོད་ཁང་འཛུགས་སྐྲུན་ལ་དམ་འཛིན་བྱེད་དགོས།  ངེས་པར་དུ་ལག་རྩལ་སྒྲིག་ཆས་ལ་དོ་སྣང་བྱས་ཏེ་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་དམ་འཛིན་བྱེད་དགོས།  ངེས་པར་དུ་ནང་ཁུལ་གྱི་བྱང་ཚད་ལ་དོ་སྣང་བྱས་ཏེ་སློབ་གྲྭའི་དོ་དམ་ལ་དམ་འཛིན་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།        ཚོགས་ཆེན་ཐོག་ཁྲའེ་ཁྲུན་མིང་དང་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་གཡུང་དྲུང་གིས་གསུང་བཤད་གནང་ཞིང་ལི་ཐང་དང་ཕྱག་ཕྲེང་།   འབའ་ཐང་བཅས་རྫོང་གསུམ་གྱིས་ཉམས་མྱོང་སྤེལ་རེས་ཀྱི་གཏམ་བཤད་བྱེད་པ་རེད།ཞིང་ཆེན་དང་ཁུལ།  རྫོང་ཁག་སོ་སོའི་འབྲེལ་ཡོད་སྡེ་ཚན་གྱི་དབུ་ཁྲིད་དང་མི་སྣ་ཁྱོན་བསྡོམས160ལྷག་ཚོགས་ཆེན་དུ་ཞུགས་པ་རེད།        དགོང་མོར་འབའ་ཐང་རྫོང་གིས་གཞས་ཀྱི་མཚན་མོ་ཞེས་པའི་གླུ་གར་དགོང་ཚོགས་འཚོགས་ནས་དགའ་སྟོན་རྟེན་འབྲེལ་ཞུས་པ་རེད། 
 
 

  • ལེ་ཚན་སྔོན་མ།:རང་ཁུལ་གྱི་མི་དམངས་ཉེན་རྟོག་པ་གཉིས་རྒྱལ་ཡོངས་ཀྱི་སྤྱི་བདེ་དཔའ་བོའི་གཟེངས་བསྟོད་ཚོགས་ཆེན་ནང་ཞུགས།
  • ལེ་ཚན་རྗེས་མ།:སྡེ་རོང་རྫོང་གིས་གསུམ་གྲོང་གསེབ་ཏུ་སྐྱེལ་བའི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།