དཀར་མཛེས་ཁུལ་རིག་གནས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

ངེད་གསར་འགོད་པ་གངས་དབང་གིས།        2011-01-07

དཀར་མཛེས་ཁུལ་རིག་གནས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས།
 2011ལོའི་ཟླ1པོའི་ཚེས6ཉིན་དཀར་མཛེས་ཁུལ་རིག་གནས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་དར་མདོ་ལ་འཚོགས་པ་རེད།ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཀོའོ་ཁྲང་ཕིང་དང་ཁུལ་རིག་གནས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སུང་ཤིང་ཧྥུའུ།ཁུལ་རིག་གནས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལིའི་ཆི་དབྱིངས།དཀར་མཛེས་ཁུལ་གྱི་རྩོམ་པ་པོའི་མཐུན་ཚོགས་དང་པར་འདེབས་མཐུན་ཚོགས།བྲིས་པའི་མཐུན་ཚོགས།མཛེས་རྩལ་པའི་མཐུན་ཚོགས།རོལ་མོ་བའི་མཐུན་ཚོགས།བྲོ་གར་པའི་མཐུན་ཚོགས།ལོ་ཙ་བའི་མཐུན་ཚོགས།དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས།ཟློས་གར་པའི་མཐུན་ཚོགས།བརྙན་ལས་མཐུན་ཚོགས་བཅས་ཀྱི་ཀྲུའུ་ཞི་དང་དྲུང་ཡིག་ཆེན་པོ་བ་ཚོགས་འདུར་ཞུགས།ཚོགས་འདུའི་ཐོག་ཁུལ་རིག་གནས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སུང་ཤིང་ཧྥུའུ་ཡིས་2010ལོའི་ལས་དོན་ལ་ཕྱོགས་སྡོམ་དང་2011ལོའི་ལས་དོན་གྱི་བསམ་ཕྱོགས་སྟོན་པ་རེད།ཁོང་གི་གསུང་བཤད་ལྟར་ན་འདས་ཟིན་པའི་ལོ་གཅིག་གི་རིང་ལ་ཁུལ་ཨུའུ་དང་ཁུལ་སྲིད་གཞུང་གི་ཐུགས་ཁུར་དང་མཐུན་ཚོགས་སོ་སོ་ཡི་རྒྱབ་སྐྱོར་ལ་བརྟེན་ནས་རང་ཁུལ་གྱི་རིག་རྩལ་ལས་དོན་ལ་དགའ་འོས་པའི་འབྲས་བུ་ཐོབ་ཡོད་དེ།གཅིག་ནི་ལས་བྱེད་པའི་བྱང་ཚད་མཐོར་འདེགས་བྱས་ཏེ་ཞབས་འདེགས་ཞུ་བའི་ནུས་པ་སྐྱེད་སྲིང་བྱས་ཡོད།གཉིས་ནི་ཞབས་འདེགས་ཞུ་སའི་ལས་སྟེགས་བསྐྲུན་ཏེ་ཕུལ་དུ་བྱུང་བའི་བརྩམས་ཆོས་འབྲས་བུར་སྨིན།དཔེར་ན་《གངས་ལྗོངས་ཀྱི་མཛེས་རིས་》དང《གཟི་བརྗིད་ཀྱི་ཤུལ་ལམ》ཞེས་པའི་དེབ་གཉིས་པར་དུ་བསྐྲུན་ཡོད།གསུམ་ནི་ཟླ་བ་དགུ་པར་དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཞི་པའི་འཐུས་མི་ཚོགས་ཆེན་འཚོགས་ཏེ་དོན་དག་གང་མང་ཞིག་ཐག་ཏུ་བཅད་པ་མ་ཚད་ཕུལ་དུ་བྱུང་བའི་རིག་རྩལ་ལས་དོན་པ་རྣམས་ལ་གཟེངས་བསྟོད་བྱས་པས་ཚང་མས་བསྟོད་བསྔགས་ཚད་མེད་བྱས།བཞི་ནི་རིག་གནས་ཀྱི་ཐོན་ཁུངས་མྱུར་སྐྱོབ་བྱས་ཏེ་རིག་རྩལ་དུས་དེབ་དཔེར་ན《གངས་དཀར་རི་བོ》སྔར་ལས་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད།ལྔ་ནི་དམངས་གཞས་འཚོལ་སྡུད་བྱེད་པའི་བྱ་འགུལ་སྤེལ་ཏེ་རང་ཁུལ་སྙན་བསྒྲགས་ཆེ་རུ་བཏང་ཡོད།དྲུག་ནི་རོལ་མོ་དང་ཟློས་གར།པར་འདེབས།་བྲིས་གཟུགས་སོགས་དམ་དུ་བཟུང་སྟེ་ཡང་རྩེར་སོན་པའི་བརྩམས་ཆོས་མི་ཉུང་བ་ཞིག་ཐོན་བྱུང།བདུན་ནི་རིག་རྩལ་དཔུང་སྡེ་ཆེ་རུ་བསྐྱེད་དེ་གསོན་ཤུགས་ལྡན་ལ་སྐྱེས་སྟོབས་འབར་བའི་རྣམ་པ་བསྐྲུན་ཡོད།བརྒྱད་ནི་གཞི་རིམ་ལ་རིག་གནས་སྐྱེལ་བའི་ལས་འགུལ་སྤེལ་ཏེ་རིག་རྩལ་ལས་དོན་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད།་དགུ་པ་ནི་ཏང་ཨུའུ་དང་སྲིད་གཞུང་གི་ལས་དོན་གཞིར་བཟུང་སྟེ་མི་དམངས་ལ་དངོས་སུ་ཕན་པའི་ལས་ཀ་གང་མང་བསྒྲུབས་ཡོད།2011ལོར་མུ་མཐུད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏིང་ཞའོ་་ཕིང་གི་རིག་པའི་གཞུང་ལུགས་དང་མཚོན་བྱེད་གསུམ།།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བས་མཛུབ་སྟོན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ནས་མི་རིགས་རིག་གནས་འཐུས་ཚང་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱ་རྒྱུ་ཡིན།ལོ་གསར་པའི་ནང་ལ་མཐུན་ཚོགས་བཅུ་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ90འཁོར་བར་དགའ་སྟོན་འབྲེལ་ཞུ་བའི་ནང་དོན་གཙོ་བོར་བྱ་རྒྱུ་ཡིན།དཔེར་ན་དམར་དམག་ལ་བསྟོད་པའི་གླུ་དང་བྲོ།བྲིས་གཟུགས།་འགྲན་བསྡུར་དང་སློབ་གྲྭ་ཆུང་འབྲིང་དུ་དྲིན་ལན་ཤེས་ཏེ་མདུན་དུ་སྐྱོད་ཅེས་པའི་གཏམ་བཤད་འགྲན་བསྡུར་དང་།གཞིས་ཆགས་འབྲོག་མིས་གླུ་གཞས་གསར་པ་ལེན་ཞེས་པའི་བྱ་འགུལ་སྤེལ་རྒྱུ།ཕུལ་དུ་བྱུང་བའི་བརྩམས་ཆོས་གདམས་གསེས་བྱས་ཏེ་གཟེངས་བསྟོད་བྱ་རྒྱུ་དང་།མི་རིགས་རིག་རྩལ་གྱི་རིག་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་རྒྱུ་ཡིན།དེ་མིན་མཐུན་ཚོགས་འཛུགས་སྐྲུན་ལེགས་པོར་བྱ་རྒྱུ་དང་ཕྱི་རོལ་ཡུལ་དང་འབྲེལ་བའི་ཟམ་པ་བཙུགས་ཏེ་རང་ཁུལ་གྱི་རིག་རྩལ་ལས་དོན་ལ་ཟུངས་ཁྲག་གསར་པ་སྣོན་རྒྱུ་ཡིན།
     མཇུག་ཏུ་ཚོགས་འདུར་ཞུགས་མི་རྣམས་ཀྱིས་ལྷག་བསམ་རྣམ་དག་གིས་རང་རང་སོ་སོ་ཡི་དགོངས་འཆར་དང་རེ་བ་ཞུས་པ་མ་ཟད་རང་ཁུལ་གྱི་རིག་རྩལ་གྱི་ཆེད་དུ་འབད་པ་བྱ་རྒྱུ་ཡི་ཁས་ལེན་དམ་བཅའ་བྱས།
 

  • ལེ་ཚན་སྔོན་མ།:བྲག་འགོ་རྫོང་གིས་ལས་ལམ་གསར་གཏོད་ཀྱི་གསོ་སྦྱོང་ལས་ཀ་སྤེལ་ནས་ལས་ཞུགས་བྱ་རྒྱུར་སྐུལ་སྤེལ་བཏང་བ།
  • ལེ་ཚན་རྗེས་མ།:ཁུལ་ཨུས་དཔལ་འབྱོར་ལས་དོན་གྲོས་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།