བདེ་ཆེན་གྱིས་བསྒྱུར། 2022-08-23
“དངོས་གནས་མི་རྒྱུད་དར་ཞིང་རྒྱས་འདུག”ཅེས2017ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཁྱིམ་མི་འཛོམས་པའི་འདྲ་པར་”དམིགས་བསལ་ཞིག་ལ་གཟིགས་ནས་ཧོ་ཐེན་ས་ཁུལ་ཚེ་ལེ་རྫོང་ཚེ་ལེ་ཡུལ་ཤོག་པ་ཧྲེན་ཡུས་ཅེ་མའེ་གྲོང་སྡེ་ནས་ཡོང་བའི་འཐུས་མི་མའེ་མའེ་ཐི་དབྱི་པུའུ་དབྱི་མུའུ·མའེ་མའེ་ཐི་མིང་ལ་བྱམས་བརྩེའི་ངང་དེ་ལྟར་གསུངས་པ་རེད།
འདྲ་པར་ནང་ཨ་ཁུ་ཁུའུ་ཨེར་པན་གྱི་རྗེས་རབས་པ་དང་ཡུལ་མི་ཚོ་བདེ་སྐྱིད་ལྡན་པའི་ངང་མཉམ་དུ་འཛོམས་ཡོད། དེ་སྔོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨ་ཁུ་ཁུར་ཨེར་པན་གྱི་རྗེས་རབས་པར་ཡིག་ལན་བསྐུར་གནང་ནས་ཁོ་ཚོར་སྨོན་འདུན་བཟང་པོ་ཞུས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅིས་འཛུམ་དམུལ་དམུལ་ངང་འདྲ་པར་ཞིབ་ཕྲ་གཟིགས་ནས་ཨ་ཁུ་ཁུའུ་ཨེར་པན་གྱི་ནང་མི་ཚོའི་གནས་ཚུལ་ལ་སླར་ཡང་དོ་ཁུར་གནང་ཞིང་། “ཁོ་ཚོ་ཚང་མ་ད་དུང་ས་ཆ་དེ་རང་དུ་འཚོ་བ་སྐྱེལ་གྱི་ཡོད་དམ། འོན་ཏེ་ཕྱི་རོལ་དུ་འཚོ་བ་སྐྱེལ་སར་ཕྱིན་ཡོད”ཅེས་གསུངས་པ་རེད།
“མང་ཆེ་བ་གྲོང་སྡེའི་ནང་ཡོད། ཁོ་ཚོ་ཚང་མ་ཧ་ཅང་ཡག་པོ་འདུག”ཅེས་མའེ་མའེ་ཐི་དབྱི་པུའུ་རེ་དབྱི་མུའུ་ཡིས་སེམས་འགུལ་ཐེབས་པའི་ངང་ལན་དེ་ལྟར་འདེབས།
ད་ཆར་སྤྱི་ཁྱབ་ཧྲུའུ་ཅི་དང་ཉེ་སར་སྤེལ་རེས་བྱས་པའི་གནས་ཚུལ་དྲན་གསོ་བྱེད་སྐབས་མའེ་མའེ་ཐི་དབྱི་པུའུ་རེ་དབྱི་མུའུ་ཡི་དྲན་ཤེས་སྔར་བཞིན་གསལ་པོར་ཡོད།
སྤྱི་ཁྱབ་ཧྲུའུ་ཅིས་སློབ་ཆུང་གི་དུས་ཚོད་ཕྱིར་དྲན་གནང་སྟེ་ཨ་ཁུ་ཁུའུ་ཨེར་པན་གྱིས་བོང་བུ་བཞོན་ནས་པེ་ཅིང་དུ་མའོ་ཀྲུའུ་ཞིར་མཇལ་བར་ཕེབས་པའི་གཏམ་རྒྱུད་དེ་སློབ་ཚན་ནང་མཐོང་ཡོད་པའི་སྐོར་གླེང་བ་ཁོས་བརྗེད་མི་སྲིད་པ་དང་། ཚོགས་རའི་ནང་སྤྱི་ཁྱབ་ཧྲུའུ་ཅིས་ཚང་མར་བྱམས་བརྩེའི་མངགས་བཅོལ་གནང་བ་བརྗེད་མི་སྲིད་ལ། སྤྱི་ཁྱབ་ཧྲུའུ་ཅིས་ཁོ་ཚོའི་གྲོང་སྡེའི་འཕེལ་རྒྱས་ཀྱི་ཉེ་དུས་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་བ་ཡང་བརྗེད་མི་སྲིད་པ་རེད།
“ཁྱེད་ཚོ་ཧོ་ཐེན་ས་ཁུལ་དུ་ཞིང་པའི་རྨོ་ཞིང་ཉུང་ཉུང་རེད།ཁྱོད་ཚོའི་གྲོང་སྡེའི་དུད་ཚང་རེ་ལ་ས་ཞིང་ག་ཚོད་ཡོད་དམ།”
“ད་གིན་ཁྱེད་ཀྱིས་ཆ་བསྒྲིགས་ཉེ་བརྩིའི་སྐོར་གླེང་སོང་། ཁྱོད་ཀྱི་ཁྱིམ་དུ་ཆ་བསྒྲིགས་པའི་ཉེ་བ་ཡོད་དམ།”
“ཆ་བསྒྲིགས་ཉེ་བརྩིའི་ལས་དོན་ནན་ཏན་དང་ཕན་འབྲས་ཡོད་པའི་སྒོ་ནས་སྤེལ་བ་ཡིན་ན་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།”
བརྩེ་སེམས་ཟབ་མོའི་སྐད་ཆ་དེ་དག་གིས་མའེ་མའེ་ཐི་དབྱི་པུའུ་རེ་དབྱི་མུའུ་ཡི་སེམས་ལ་དྲོ་སྐྱིད་བྱིན་ཞིང་། ཁོས་ “སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཆུད་ཟོས་སུ་གཏོང་མི་རུང་” བའི་སེམས་ཐག་བཅད།
དེ་ཉིན་གྱི་ཤིན་ཅང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་བར་དམ་པོར་དམིགས་ཏེ། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བའི་ལས་གཞི་མང་ཙམ་གཉེར་བ་དང་། དམངས་འཚོར་ཕན་པའི་བྱ་བ་མང་ཙམ་སྒྲུབ་ཅིང་། མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་པའི་གནད་དོན་མང་ཙམ་ཐག་གཅོད་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་ཏང་གི་ཐུགས་ཁུར་དང་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་ཚོར་ཐུབ་པ་བྱ་དགོས།
སེམས་པ་མཐུན་ན་བརྩེ་སེམས་གཅིག་ཏུ་འདྲེས།། འདུན་པ་གཅིག་ན་སྟོབས་ཤུགས་གཅིག་ཏུ་འགྲིལ།། ཞེས་པ་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་མང་ཚོགས་དང་ཐུགས་སེམས་དབྱེར་མེད་དུ་གྱུར་ཡོད། ཁོང་གིས་“མི་རིགས་མཐུན་སྒྲིལ་བྱེད་ཚེ་སྙིང་གཏམ་གླེང་རེས་བྱ་རྒྱུ་གལ་ཆེ། མི་སར་རང་འཇོག་དང་གཅིག་སེམས་གཅིག་ལ་བརྟེན་དགོས།”ཞེས་གསུངས་པ་རེད།
ནང་སོག་ཏུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་བསྐོའི་ནང་ཞུགས་ནས་མི་རིགས་ཁག་གི་འཐུས་མིའི་སྙིང་གཏམ་ལ་ནན་ཏན་ངང་གསན་པ་དང་མི་རིགས་མཐུན་སྒྲིལ་མཉམ་དུ་གླེང་ཞིང་། འཕེལ་རྒྱས་ཕྱུག་འབྱོར་མཉམ་བགྲོ་གནང་། མི་རིགས་ས་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་སྐབས་ས་གནས་དེ་གའི་གྲངས་ཉུང་མི་རིགས་ཀྱི་གུས་སྲོལ་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་པ་དང་། གངས་ལྗོངས་མཐོ་སྒང་དང་ཕྱོགས་བཞི་མཚམས་བརྒྱད་དུ་ཕེབས་ཏེ།མི་རིགས་ས་ཁུལ་འཕེལ་རྒྱས་གནས་ཚུལ་བརྟག་དཔྱད་གནང་ཞིང་སྐུ་ངོ་མས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་དྲག་པོ་ལས་རྣམ་པར་རྒྱལ་བའི་བཀོད་སྒྲིག་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཞིང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་མང་ཚོགས་ཐུགས་ལ་བཅངས་ནས་ནམ་ཡང་མི་རིགས་ཁག་གི་མང་ཚོགས་དང་ཐུགས་སེམས་དབྱེར་མེད་གནང་།
དེ་རིང་པ་ཧྲེན་ཡུས་ཅེ་མའེ་གྲོང་སྡེར་འགྱུར་ལྡོག་བྱུང་བས་མའེ་མའེ་ཐི་དབྱི་པུའུ་རེ་དབྱི་མུའུ་ཧ་ཅང་དགའ་པོ་བྱུང་བ་སྟེ།
2019ལོའི་ལོ་མཇུག་ཏུ་ཤིན་ཏུ་དབུལ་ཕོངས་གྲོང་སྡེ་དེ་ཁྱོན་ཡོངས་ནས་དབུལ་ཐར་བྱུང་ཡོད། ད་ཆ་ཡུལ་མི་རྣམས་དམངས་ཕྱུག་བདེ་སྡོད་ཁང་དུ་སྤོས་པ་དང་།རི་བོང་གསོ་བ་དང་སེ་འབྲུ་འཛུགས་པ་སོགས་ཁྱད་ཆོས་ཐོན་ལས་བདག་གཉེར་བྱས་ཏེ། རང་ཁྱིམ་གྱི་སྒོ་ཁར་ལས་ཞུགས་ཐུབ་པ་དང་། འཚོ་བ་ཉིན་བཞིན་ཇེ་ཡག་ཏུ་ཕྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་དེ་ལོར་ཐུགས་ཁུར་གནང་བའི་བྱ་བ་རེ་རེ་བཞིན་དོན་ཐོག་འཁྱོལ་ཐུབ་ཡོད།
“ཁོང་དང་ང་ཚོ་ཐུགས་སེམས་དབྱེར་མེད་ཡིན”ཞེས་མའེ་མའེ་ཐི་དབྱི་པུའུ་རེ་དབྱི་མུའུ་ཡིས་སེམས་འགུལ་ཐེབས་པའི་ངང་དེ་ལྟར་བཤད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10