དཀར་མཛེས་རྫོང་གི་ཁྱད་ཆོས་ཐོན་ལས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན།

ཀུན་དགས་བསྒྱུར།        2021-04-28

དཀར་མཛེས་རྫོང་མང་ཚོགས་ཀྱིས་སྒུག་བརྟེན་སློང་གསུམ་གྱི་གཞན་བརྟེན་འཚོ་བའི་ལམ་ཁ་དེ་བཞག་ནས་དཀའ་སྤྱད་འབད་འཐབ་བྱེད་པའི་རང་བརྟེན་ལམ་བུའི་ཐོག་གོམ་སྟབས་བརྟན་པོས་བསྐྱོད་དང་སྐྱོད་བཞིན་ཡོད་པ་རེད། སྤྱི་ཟླ4པའི་ཚེས21ཉིན་སྨྱུག་འཛིན་པས་དཀར་མཛེས་རྫོང་འཕེལ་རྒྱས་བཅོས་སྒྱུར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན།ད་ལོ་རྫོང་དེས་ཐོན་ལས་ཆེན་པོ་བཞི་འཕེལ་རྒྱས་སྟོབས་ཆེར་གཏོང་བ་དང་ཐོན་ལས་ལ་བརྟེན་ནས་དམངས་ཕྱུག་ཡོང་བ་བྱས་ཏེ་རྫོང་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་རྒྱུ་རེད།

སྐྱེ་ཁམས་ཡུལ་སྐོར་ལས་རིགས་དམིགས་སུ་བཀར་ནས་འཕེལ་རྒྱས་གཏོང་། རྫོང་དེས་ཁུལ་ཡོངས་ཀྱི་སྐོར་གསུམ་རྒྱུད་གཅིག འདམ་ར་གཉིས་འཛུགས་སྐྱོང་བྱ་རྒྱུའི་འཕེལ་རྒྱས་ཀྱི་གནས་བབ་ལ་དམིགས་ཏེ་ཚད་གཞི་མཐོ་བའི་སྒོ་ནས་གླིང་རྗེ་གེ་སར་རྒྱལ་པོའི་མཁར་རྫོང་ཡུལ་སྐོར་རིག་གནས་ཀྱི་སྤུས་རྟགས་བཏོད་པར་མ་དངུལ་སྒོར་ཁྲི5188བཏང་སྟེ་སྲིབ་ངོ་ཡུལ་ཤོག་ཏུ་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་བསྐྲུན་ནས་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་གླིང་གའི་དཀར་མཛེས་བརྒལ་མཚམས་དུམ་བུ་འཛུགས་སྐྲུན་ལག་བསྟར་མགྱོགས་སུ་བཏང་ཡོད། ཡུལ་སྐོར་ཚད་གཞི་ཅན་གྱི་བྱ་སྤྱོད་སྤེལ་ནས་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཚད་གཞིའི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས2021ལོའི་སི་ཁྲོན་དཀར་མཛེས་ཀྱི་རི་ཁུལ་རིག་གནས་ཡུལ་སྐོར་དུས་སྟོན་དང་།སྐབས་བཞི་པའི་འབྲུག་མོའི་སྟོན་བསུའི་དུས་སྟོན་ནུས་ཤུགས་ཡོད་རྒུས་ཡག་པོ་གཉེར་བ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ།ཡུལ་སྐོར་གྱི་འཇིབ་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལོ་ཧྲིལ་པོར་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི135ལ་སྣེ་ལེན་ཞུས་ཏེ་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར13.23མངོན་འགྱུར་བྱུང་ཡོད།

དེང་རབས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཇེ་མགྱོགས་གཏོང་། གྲོང་སྡེའི་ཐོན་ལས་དང་པོ་དང་གཉིས་པ།གསུམ་པ་བཅས་མཉམ་འདྲེས་བྱས་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཤུགས་ཆེན་བཏང་ཞིང་།མ་དངུལ་སྒོར་དུང་ཕྱུར1.23བཏང་ནས་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི4.1བསྐྲུན་པ་དང་།མ་དངུལ་སྒོར་ཁྲི760བཏང་ནས་ཐོན་ལས་རྟེན་གཞི་མུའུ5500བསྐྲུན་ཡོད། དེང་རབས་ཀྱི་ཞིང་ལས་གླིང་ཁུལ་འཕེལ་རྒྱས་གཏང་རྒྱུ་དེ་ཞིང་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཞིང་ཆེན་རིམ་པའི་གླིང་ཁུལ1དང་ཁུལ་རིམ་པའི་གླིང་ཁུལ2སྐྱེད་སྲིང་ཤུགས་ཆེན་བྱས་ནས་ཞིང་ཆེན་རིམ་པའི་གླིང་ཁུལ2ལ་རེ་འདུན་ཞུ་རྒྱུ་དང་། མ་དངུལ་སྒོར་ཁྲི3150བཏང་ནས་ལྷོ་པ་ཡུལ་ཤོག་གསེར་མཁར་འབྱུང་འཕྲོད་གནག་ཕྱུགས་ཐོན་ལས་གླིང་ཁུལ་བསྐྲུན་ཡོད། ཁུལ་རིམ་པའི་སྣེ་འདྲེན་ཁེ་ལས2དང་རྫོང་རིམ་པའི་སྣེ་འདྲེན་ཁེ་ལས4སྐྱེད་སྲིང་བྱས་པ་དང“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་ཞིང་ལས་ཁྱད་ཆོས་ཐོན་རྫས2རེ་ཞུ་དང་གཏན་འཁེལ་བྱས་ཡོད་པ་རེད།

འབྱུང་འཕྲོད་ཀྱི་དེང་རབས་བཟོ་ལས་འཕེལ་རྒྱས་སྟོབས་ལྡན་གཏོང་། དེང་རབས་ཀྱི་བཟོ་ལས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ།ནུས་ཁུངས་གཙང་མ་དང་།ཟས་རིགས་དང་བཏུང་བྱ།རྒྱ་བོད་ལུགས་གསོ་རིག ཁྱད་ཆོས་ལས་སྣོན།གསར་དར་ཐོན་ལས་བཅས་གཙོ་གནད་དུ་འཛིན་པའི་འབྱུང་འཕྲོད་དགེ་མཚན་ལྡན་པའི་ཐོན་ལས་དང་།གྲངས་འཛིན་དཔལ་འབྱོར་གྲུབ་ཆ་གཙོ་བོ་ཡིན་པའི"5+1"འབྱུང་འཕྲོད་དེང་རབས་བཟོ་ལས་མ་ལག་ཆགས་པར་བྱས། ཁམས་བྱང་ཉི་ནུས་འོད་ཤུགས་རྟེན་གཞི་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་།ནུས་ཁུངས་གསར་པའི་ཐོན་ཁུངས་ཡོངས་བཤེར་འཆར་འགོད་དང་གསར་སྤེལ་སྒྲོམ་གཞིའི་གྲོས་མཐུན་དོན་འཁྱོལ་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཁམས་བྱང་འབྱུང་འཕྲོད་འབྲི་གཡག་ཐོན་ལས་ཁུལ་དང་གླིང་ནས་འབྲུའི་རིག་གནས་ཐོན་ལས་ཁུལ་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར0.51དང1ལ་ཟིན་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞིང་།བཟོ་ལས་ཁེ་ལས་ཀྱི་རིམ་སྤོར་བསྒྱུར་བཀོད་མགྱོགས་སུ་བཏང་བ་དང་།གསོ་སྐྱོང་སྒྲིག་སྲོལ་གསར་པའི་ཐོག་བཟོ་ལས་ཁེ་ལས1ཡོད་པ་དང་།བཟོ་ལས་ཀྱི་རིན་ཐང་འཕར་མ་ཡིསGDPཡི་བསྡུར་ཚད་བརྒྱ་ཆ4.2ལ་ཟིན་ཡོད།

ཚོང་དོན་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་། དཀར་མཛེས་གེ་སར་མཁར་རྫོང་གི་ཟོག་འགྲེམས་གླིང་ཁུལ་དང་དཀར་མཛེས་ཁམས་བྱང་གི་ཕྱོགས་བསྡུས་ཟོག་འགྲེམས་གླིང་ཁུལ།དེ་བཞིན་གྲོང་ཁྱེར་དང་གྲོང་སྡེའི་ཟོག་འགྲེམས་ས་ཚུགས་སྒྱུར་བཀོད།འཕྲལ་སྡོམ་ཟོག་འགྲེམས་ལྟེ་གནས་བཅས་ཀྱི་ལས་གཞི་དོན་འཁྱོལ་དང་ལག་བསྟར་ཐུབ་པའི་བརྩོན་ལེན་ཧུར་ཐག་བྱས་ནས་ཁམས་བྱང་ཚོང་དོན་ཟོག་འགྲེམས་བསྡུ་འགྲེམས་ཞབས་ཞུའི་ལྟེ་གནས་སྒྱུར་བཀོད་བྱས་ཏེ་སི་ཁྲོན་དང་མཚོ་བོད་འབྲེལ་མཚམས་ཀྱི་མགྱོགས་མྱུར་ཟོག་འགྲེམས་ཡན་ལག་ལྟེ་གནས་མགྱོགས་སུ་གཏོད་རྒྱུ་ཡིན་ཞིང་།ཆེད་ལས་ཀྱི་སྡེབ་ཚོང་ཁྲོམ་ར་གསོ་སྐྱོང་ཤུགས་ཆེ་བྱས་ཏེ་ཚོང་དོན་ཟོག་འགྲེམས་གཞི་ཁྱོན་ཅན་དང་ཞིབ་གཉེར་ཅན།ཆ་འཕྲིན་ཅན་བཅས་ལ་སྐུལ་འདེད་བཏང་སྟེ་ཁམས་བྱང་ས་ཁོངས་སུ་ཁྱབ་འགྱེད་ཐུབ་པའི་མཐོ་སྒང་གི་ཞིང་ལས་ཡུལ་ཐོན་ཁྱད་རྫས་དང་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས།རྒྱ་བོད་ལུགས་གསོ་རིག་གི་སྨན་རྫས་སོགས་སྡེབ་ཚོང་ཁྲོམ་རའི་མ་ལག་ཅིག་ཆགས་པར་བྱ་རྒྱུ་དང་།མྱུར་སྐྱེལ་ཞབས་ཞུ་དང་ཨར་ལས་རྒྱུ་ཆ།རླངས་འཁོར་ཉོ་ཚོང་ལ་སོགས་པའི་ལས་རིགས་འཕེལ་རྒྱས་གཏོང་བར་ཚད་ལྡན་སྐུལ་འདེད་བཏང་ནས2021ལོར་ཞབས་ཞུའི་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས1སྐྱེད་སྲིང་ཐུབ་པ་དང་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར12ལ་ཟིན་རྒྱུར་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།།



  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་ལི་ཐང་རྫོང་གྱང་པ་གྲོང་རྡལ་གྱི་ནགས་ཚལ་མེ་གསོད་ལས་ཀར་བཀོད་འདོམས་གནང་།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་དུས་ཆེན་གཉིས་འདི་ལྟར་བསུ།
  • དོ་སྣང་ཆེ་བའི་རྩོམ།