སི་ཁྲོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དཀར་མཛེས་ཁུལ་གྱི་སྐུལ་སློང་སྙན་སེང་ཚོགས་འདུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2021-04-26

སི་ཁྲོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དཀར་མཛེས་ཁུལ་གྱི་སྐུལ་སློང་སྙན་སེང་ཚོགས་འདུ་འཚོགས།

སྤྱི་ཟླ4པའི་ཚེས21ཉིན་ལ་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་གིས་དར་མདོར་སི་ཁྲོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དཀར་མཛེས་ཁུལ་གྱི་སྐུལ་སློང་སྙན་སེང་ཚོགས་འདུ་འཚོགས་ཤིང་། ལྟ་ཞིབ་ཚོ་ཆུང་གི་ཚོ་དཔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཧོ་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྟ་ཞིབ་ཚོ་ཆུང་གི་ཚོ་དཔོན་གཞོན་པ་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་ལི་ཡུའེ་ཡིས་ལྟ་ཞིབ་ལས་དོན་གྱི་འབྲེལ་ཡོད་བླང་བྱ་གསལ་སྟོན་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་རང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་གནས་ཚུལ་སྙན་སེང་ཞུས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཚོགས་འདུ་གཙོ་འགན་བཞེས་ཤིང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱང་ཆུབ་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧྲུའུ་ཏ་ཁྲུན་ཚོགས་འདུར་ཞུགས་པ་རེད།

ཏུའུ་ཧོ་ཕིང་གིས་ནན་གསུང་གནང་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལམ་ལུགས་འཛུགས་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་ཡིན་ཞིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་གཙོ་བོ་དོན་འཁྱོལ་དང་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་བྱེད་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། ཐེངས་འདིའི་རྒྱུན་སྲོལ་ལྟར་ལྟ་སྐུལ་ཞིབ་བཤེར་བྱས་པ་དེ་གཙོ་བོར་དཀར་མཛེས་ཁུལ་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།དེ་བཞིན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་དང་དེ་བཞིན་“ཕྱིར་མིག་ལྟ་བའི་”གནད་དོན་ཤེས་རྟོགས་བྱུང་ཚུལ། འབྲི་ཆུ་དང་རྨ་ཆུའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་དག་ཐེར་ཡོ་བསྲང་བྱས་ཚུལ་དང་དེ་བཞིན་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་པོ་གཞན་དག་བཅས་ལ་ལྟ་ཞིབ་བྱ་དགོས་པ་དང་། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མངོན་གསལ་ཅན་ལ་དམིགས་སུ་བཀར་ནས་དོ་སྣང་བྱ་དགོས།

    ཧྲེན་དབྱང་གིས་གསུངས་དོན། ལྟ་ཞིབ་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ནས་རང་ཁུལ་གྱིས་ངེས་པར་དུ་མ་བསྐུལ་དང་ལེན་ངང་ངོས་འཛིན་རྩིས་ལེན་བྱས་ནས་ཆབ་སྲིད་ཀྱི་ཚུགས་གནས་སྤར་བ་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལྟ་ཞིབ་དག་ཐེར་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་འཚོའི་ལས་གྲྭ་གལ་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཏེ་ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དེ་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་གཏང་དགོས་པ་སྟེ། གཅིག་ནི་ཆབ་སྲིད་ཀྱི་ཚུགས་གནས་སྤར་ཏེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱ་དགོས། གཉིས་ནི་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བྱས་ནས་ལྟ་ཞིབ་ཀྱི་ལས་དོན་ཁག་ལ་གཞོགས་འདེགས་ཧུར་ཐག་བྱ་དགོས། གསུམ་ནི་ཟུར་བསྟན་ལེབ་མཐོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལྟ་ཞིབ་ལྡོག་ལེན་གྱི་གནད་དོན་བཅོས་སྒྲིག་ལ་ཁྱོན་ཡོངས་ནས་དམ་འཛིན་ཡག་པོ་བྱ་དགོས། བཞི་ནི་འགན་འཁྲི་ནན་དུ་གཏོང་བ་དང་དང་ཏན་ཏིག་ངང་བསྒྲུབས་ནས་ནུས་ཤུགས་ཡོད་རྒུས་སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་བསྐྲུན་དགོས།།

  • ལེ་ཚན་སྔོན་མ།:མེན་དབྱང་ཚན་རྩལ་གྲོང་ཁྱེར།
  • ལེ་ཚན་རྗེས་མ།:ནགས་ཚལ་དང་རྩྭ་ཐང་མེ་ཟོན་མེ་གསོད་ཐད་ལ་རྒྱུད་རིམ་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་གཅིག་གྱུར་འཆར་འགོད་ཀྱིས་ཉེན་མེད་དང་འཕེལ་རྒྱས་ཀྱི་ལས་ཀ་དམ་འཛིན་ཡག་པོ་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།