ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་གི་ངོ་སྤྲོད། ༡༡

ནོར་བུས་བསྒྱུར།        2021-03-25

ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་གི་ངོ་སྤྲོད། ༡༡
ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ངོ་སྤྲོད་མདོར་བསྡུས།


   1977ལོའི་ཟླ་བ8པའི་ཚེས12ནས་ཚེས18ཉིན་བར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་པེ་ཅིང་དུ་འཚོགས། ཚོགས་ཆེན་དུ་ཞུགས་པའི་འཐུས་མི་ཁྱོན་བསྡོམས1510ཡོད་ཅིང་། སྐབས་དེར་རྒྱལ་ཡོངས་སུ་ཏང་ཡོན་ཁྲི3500ལྷག་ཡོད། ཚོགས་ཆེན་ཐོག་ཧྭ་གོ་ཧྥེང་གིས་ཀྲུང་གུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་སྤེལ་བའི་ཆབ་སྲིད་སྙན་ཞུར་གྲོས་ཞིབ་བྱས་ཤིང་གྲོས་འཆམ་བྱུང་། ཡེ་ཅན་ཡིང་གིས་གནང་བའི་ཏང་གི་སྒྲིག་ཡིག་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་སྙན་ཞུར་ཉན་རྗེས་བཟོ་བཅོས་བརྒྱབ་པའི《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་》ལ་གྲོས་འཆམ་བྱུང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་གསར་པ་བདམས་ཐོན་བྱུང་བ་སྟེ། ཀྲུང་དབྱང་ཨུ་ཡོན201དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན132བདམས།

   ཟླ་བ8པའི་ཚེས19ཉིན། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོས་ཀྲུང་དབྱང་མགོ་ཁྲིད་ལས་ཁུངས་འདེམས་བསྐོ་བྱས། ཧྭ་གོ་ཧྥེང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། ཡེ་ཅན་ཡིང་། ཏེང་ཞའོ་ཕིང་། ལི་ཞན་ཉན། ཝང་ཏུང་ཞིན་བཅས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བསྐོས་པར་མ་ཟད། ཁོང་ཚོ་ལས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲུབ་ཡོད། ཧྭ་གོ་ཧྥེང་དང་། ཝེ་གོ་ཆིང་། ཝུའུ་ལན་ཧྥུ། ཧྥང་དབྱི། ཏེང་ཞའོ་ཕིང་། ཡེ་ཅན་ཡིང་། ལིའུ་པོ་ཁྲེང་། ཞུས་ཧྲི་ཡིའུ། ཅི་ཏེང་ཁུའེ། སུའུ་ཀྲེན་ཧྭ། ལི་ཞན་ཉན། ལི་ཏེ་ཧྲེང་། ཝུའུ་ཏེ། ཡུས་ཆིའུ་ལི། ཝང་ཏུང་ཤིན། ཀྲང་ཐིང་ཧྥ། ཁྲེན་ཡུང་ཀུའེ། ཁྲེན་ཞི་ལེན། ཀེང་པིའོ། ཉེ་རུང་ཀྲེན། ཉི་ཀྲི་ཧྥུ། ཞུས་ཞང་ཆན། ཕེང་ཁྲུང་བཅས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཁྲེན་མུའུ་ཧྭ། ཀྲའོ་ཙི་དབྱང་། སེ་ཧྥུ་ཏིན·ཨའེ་ཙེ་ཙི་བཅས་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྗེས་སྣོན་ཨུ་ཡོན་ཡིན།

   ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཆབ་སྲིད་སྙན་ཞུའི་ནང“མི་བཞི་ཤོག་ཁག”རྡུལ་དུ་བརླགས་པ་དེ་མཚོན་རྟགས་བྱས་ནས“རིག་གནས་གསར་བརྗེ་ཆེན་པོ”མཇུག་བསྒྲིལ་བ་ཁྱབ་བསྒྲགས་བྱས། ད་རེས་ཚོགས་ཆེན་གྱི་ལོ་རྒྱུས་ཀྱི་ལས་འགན་ནི་ཏང་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་གི་མཐུན་རྐྱེན་ཐམས་ཅད་སྐུལ་སློང་དང་། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་ཡོད་ཚད་ལ་མཐུན་སྒྲིལ་བྱས་ནས་དུས་རབས་འདིར་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་རླབས་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱ་རྒྱུ་དེ་ཡིན།

   ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་ཏང་གི་སྒྲིག་ཡིག་གསར་པས་ཚོགས་ཆེན་བཅུ་པའི་ཏང་གི་སྒྲིག་ཡིག་ལ་དགོས་ངེས་ཀྱི་བཟོ་བཅོས་ཁ་ཤས་བརྒྱབ་ཡོད་ཅིང་།“དུས་རབས་འདིར་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མགོ་ཁྲིད་དེ་རང་རྒྱལ་འདི་ཉིད་ཞིང་ལས་དང་། བཟོ་ལས། རྒྱལ་སྲུང་། ཚན་རིག་ལག་རྩལ་བཅས་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱ་དགོས”ཞེས་པའི་སྤྱིའི་རྩ་འཛིན་ནང་དུ་བྲིས་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅུ་གཅིག་པས“མི་བཞི་ཤོག་ཁག”ཐེར་འདོན་དང་དགག་རྒྱག་བྱེད་ཅིང་རྒྱལ་ཡོངས་མི་དམངས་ལ་སྐུལ་སློང་བྱས་ནས་དེང་རབས་ཅན་དུ་འགྱུར་བར་འཛུགས་སྐྲུན་བྱེད་པའི་ཐད་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། འོན་ཀྱང་ལོ་རྒྱུས་ཀྱི་ཆ་རྐྱེན་གྱི་དབང་གིས་ཚོགས་ཆེན་ཐོག“རིག་གནས་གསར་བརྗེ་ཆེན་པོ”ཡི་ནོར་འཁྲུལ་ཡོ་བསྲང་བྱེད་ཐུབ་མ་སོང་བས། ལོ་རྒྱུས་ཀྱི་འཕོ་འགྱུར་མངོན་འགྱུར་ཡོང་ཆེད་ཡང་དག་པའི་ལམ་ཕྱོགས་དང་བྱེད་ཕྱོགས་གཏན་འབེབས་བྱེད་པའི་ལས་འགན་དེ་སྒྲུབ་ཐུབ་མེད།

   1978ལོའི་ཟླ12པའི་ཚེས18ནས་ཚེས22བར། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོགས། གྲོས་ཚོགས་སུ་ཞུགས་པའི་ཀྲུང་དབྱང་ཨུ་ཡོན169དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན112ཡོད་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན།“ཏང་ཡོངས་ཀྱི་བློ་མཐུན་དང་རྒྱལ་ཡོངས་མི་དམངས་ཀྱིས་མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པའི་མཛུབ་སྟོན་འོག  བསམ་བློ་བཅིངས་འགྲོལ་བཏང་སྟེ་ཧུར་བརྩོན་ཆེན་པོས་གནས་ཚུལ་གསར་པ་དང་། བྱ་དངོས་གསར་པ། གནད་དོན་གསར་པར་ཞིབ་འཇུག་དང་། དངོས་ཐོག་བདེན་འཚོལ་དང་། བྱ་བ་གང་བྱེད་དོན་དངོས་གཞིར་འཛིན་པ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བཅས་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ན། ང་ཚོའི་ཏང་གིས་གཞི་ནས་བདེ་བླག་ངང་ལས་ཀའི་ལྟེ་གནས་བསྒྱུར་ཐུབ་པ་དང་། གཞི་ནས་དེང་རབས་ཅན་བཞི་མངོན་དུ་འགྱུར་བའི་འགྲོ་ལམ་བྱེ་བྲག་པ་དང་། བྱེད་ཕྱོགས། ཐབས་ཤེས། བྱེད་ཐབས་བཅས་ཐག་གཅོད་ཡང་དག་པ་བྱེད་ཐུབ་ཀྱི་རེད”ཅེས་ནན་བཤད་གནང་བ་རེད།

   ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་རྗེས་སུ། ཏང་གི་མཛུབ་སྟོན་བསམ་བློ་གཏན་ཁེལ་དང་དངོས་གཞི་ལས་ཀ་སྒྲུབ་མཁན་གྱི་མགོ་ཁྲིད་ལ་མཚོན་ན། ཏེང་ཞའོ་ཕིང་ནི་ཏང་གི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་གི་སྲོག་ཤིང་དུ་གྱུར་ཡོད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་ཏང་གི་ལོ་རྒྱུས་ཐོག་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་པའི་འཕོ་འགྱུར་རླབས་པོ་ཆེ་མངོན་འགྱུར་བྱུང་བ་དང་། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་དུས་སྐབས་གསར་པ་བཏོད་པ་རེད།

   1980ལོའི་ཟླ2པར། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་སླར་གསོ་བྱ་རྒྱུའི་ཐག་བཅད་དེ། ཝན་ལི་དང་། ཝང་རེན་ཀྲུང་། ཧྥང་དབྱི། ཀུའུ་མུའུ། སུང་རེན་ཆུང་། ཡུས་ཆིའུ་ལི། དབྱང་ཏེ་ཀྲི། ཧུའུ་ཆའོ་མུའུ། ཧུའུ་ཡའོ་པང་། ཡའོ་དབྱི་ལིན། ཕེང་ཁྲུང་བཅས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིར་བདམས། 1981ལོའི་ཟླ6པར། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་ཞི་ཀྲུང་ཞུན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་རུ་འདེམས་བསྐོ་བྱས། སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བའི《རྒྱལ་ཁབ་བཙུགས་ཚུན་གྱི་ཏང་གི་ལོ་རྒྱུས་ཀྱི་གནད་དོན་འགའི་སྐོར་གྱི་གྲོས་ཆོད》ནང“ང་ཚོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་སྔར་བཞིན་ཐོག་མའི་དུས་རིམ་དུ་གནས་ཡོད”ཅེས་གསལ་པོར་བཏོན་ཡོད།

(རྩོམ་ཡིག་འདི་ནི་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་བརྩམས་ཤིང་། ཀྲུང་གུང་ཏང་གི་ལོ་རྒྱུས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་བམ་པོ་གཉིས་པའི(1949ལོ་ནས1978ལོའི་བར)》སྨད་ཆ་དང་། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་བརྩམས་ཤིང་། ཀྲུང་གུང་ཏང་གི་ལོ་རྒྱུས་དཔེ་སྐྲུན་ཁང་དང་ཏང་འཛུགས་སྐྱོང་ཀློག་དེབ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་ལོ་དགུ་བཅུའི(བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པ)》ཞེས་པ་ནས་བཤུས་བསྒྲིགས་བྱས།)


  • ལེ་ཚན་སྔོན་མ།:དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་དམངས་གཙོ་རིང་ལུགས་རྙིང་པའི་གསར་བརྗེའི་ཁྱད་པར།
  • ལེ་ཚན་རྗེས་མ།:ཞིང་ལས་འཕྲུལ་ཆས་གསར་པས་དཔྱིད་རྨོད་ལས་ལ་མགྱོགས་ཤིང་སྤུས་དག་གི་གསོན་ཤུགས་བསྣན།
  • དོ་སྣང་ཆེ་བའི་རྩོམ།