ཁུལ་ཚོགས་ཆེན་གཉིས་ལ་ཞུགས་མཁན་ཨུ་ཡོན་དང་འཐུས་མི་ཚོ་དར་མདོར་འབྱོར།

སྐལ་ཐུབ་དང་། ཨོ་རྒྱན། ཀུན་དགའ། ཡེ་ཤེས་བཅས་ཀྱིས།        2021-02-03

       སྤྱི་ཟླ2པའི་ཚེས1ཉིན། ཁུལ་ཚོགས་ཆེན་གཉིས་ལ་ཞུགས་མཁན་ཨུ་ཡོན་དང་འཐུས་མི་ཚོ་གཅིག་རྗེས་གཉིས་མཐུད་ངང་གྲོས་ཚོགས་ཀྱི་བཅའ་སྡོད་བྱ་ཡུལ་དུ་འབྱོར་ཐོ་འགོད་སར་བསླེབས་ཡོད་པ་རེད། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་སྒོ་ཀུན་ནས་འཛུགས་སྐྱོང་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་མགོ་བཙུགས་པའི་ལོ་ཡིན་ལ།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི” མགོ་ཚུགས་ལོ་ཞིག་ཀྱང་ཡིན་པས་རང་ཁུལ་འཕེལ་རྒྱས་ཀྱི་ལས་འགན་ལྕི་ལ་ལམ་ཐག་རིང་བ་རེད། ཚོགས་ཆེན་གཉིས་འཚོག་རིང་ཨུ་ཡོན་དང་འཐུས་མི་ཚོས་རང་ཁུལ་འཕེལ་རྒྱས་གསར་པར་སྐུལ་འདེད་གཏོང་ཆེད་རང་འགན་ལེགས་སྒྲུབ་བྱས་ཏེ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད། རིམས་བབ་ཀྱི་གནས་ཚུལ་ལ་དམིགས་ནས། ད་ལོའི་ཨུ་ཡོན་དང་འཐུས་མི་ཚོས་འབྱོར་ཐོ་འགོད་པའི་ཚེ་ཏོག་གསར་གྱི་ཉིང་སྐྱུར་བཤེར་འཇལ་ཐེངས་གཉིས་བྱ་དགོས་པར་མ་ཟད། བདེ་ཐང་ཨང་རྟགས་དང་ཉིང་སྐྱུར་བཤེར་འཇལ་ཚད་ལོན་མཚོན་རྟགས་ཁུར་ནས་ལུས་དྲོད་ཚད་ལེན་བྱས་རྗེས་གཞི་ནས་ཚོགས་འདུར་ཞུགས་ཆོག་པ་དང་། ཚོགས་འདུའི་བརྒྱུད་རིམ་ཧྲིལ་པོར་ཁ་ཤུབས་ཀྱང་བརྒྱག་དགོས་པ་རེད། རིམས་འགོག་ལས་དོན་གྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་ད་ཐེངས་ཀྱི་ཚོགས་ཆེན་གཉིས་སུ་རིམས་འགོག་ཚོགས་ཆུང་དང་སྨན་བཅོས་ཚོགས་ཆུང་བཙུགས་ཡོད། རིམས་འགོག་ཚོགས་ཆུང་གིས་ལུས་དྲོད་ལྟ་བཤེར་དང་། ཚོགས་ཁང་དང་མགྲོན་ཁང་། ཟ་ཁང་བཅས་སུ་དུག་སེལ་སོགས་བྱ་རྒྱུའི་འགན་ཁུར་བ་དང་། སྨན་བཅོས་ཚོ་ཆུང་གིས་ལུས་པོའི་དྲོད་ཚད་རྒྱུན་ལྡན་མིན་པའི་མི་སྣར་ལྟ་ཞིབ་དང་སྨན་བཅོས་བྱ་རྒྱུའི་འགན་འཁུར་བ་རེད།

     བཅའ་སྡོད་བྱ་ཡུལ་དུ་ཨུ་ཡོན་དང་འཐུས་མི་ཚོས་ཚོགས་ཆེན་གཉིས་ཀྱི་ལས་སྒྲུབ་མི་སྣའི་ཁྲིད་སྟོན་འོག་གོ་རིམ་ལྡན་པའི་ངང་འབྱོར་ཐོ་འགོད་པའི་འགྲོ་ལུགས་གཉེར་བ་དང་ཚོགས་འདུའི་འབྲེལ་ཡོད་ཉིན་རེའི་གྲོས་རིམ་དང་བླང་བྱར་རྒྱུས་མངའ་ཞིབ་ཚགས་བྱེད་པ་དང་། ཨུ་ཡོན་དང་འཐུས་མི་ལ་ལས་འབྱོར་ཐོ་འགོད་པའི་འགྲོ་ལུགས་བསྒྲུབས་རྗེས་ཚོགས་འདུའི་འབྲེལ་ཡོད་དཔྱད་ཡིག་ལྟ་ཀློག་བྱེད་པར་བྲེལ་བཞིན་ཡོད་ཅིང་། ལ་ལས་ཕན་ཚུན་སྤེལ་རེས་བྱས་ནས་སོ་སོའི་དོ་སྣང་བྱེད་སའི་གྲོས་གཞི་སྐོར་གླེང་མོལ་བྱེད་བཞིན་ཡོད། འབྱོར་ཐོ་འགོད་པའི་བརྒྱུད་རིམ་ཧྲིལ་པོ་སྟབས་བདེ་ལ་གོ་རིམ་ལྡན་པས་ཧུར་བརྩོན་ཡར་སྐྱེད་དང་མཐུན་སྒྲིལ་ཞི་མཐུན་གྱི་རྣམ་པས་ཁེངས་ཡོད། ཁུལ་དམངས་ཆེན་གྱི་འཐུས་མི་སྡེ་དགེ་རྫོང་ལྕང་ར་གྲོང་རྡལ་ལྕང་ར་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་འཕྲིན་ལས་གྱིས་གྲོང་སྡེའི་གད་སྙིགས་ཐག་གཅོད་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ཐད་ད་ལྟར་གད་སྙིགས་ཐམས་ཅད་སྦས་རྐྱང་བྱས་པ་དེ་སྦགས་བཙོག་ཐེངས་གཉིས་པ་ཐེབས་པ་དང་། རྦད་དེ་གཙང་སེལ་བྱེད་པའི་འགྲོ་གྲོན་ཆེ་བ་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་དམིགས་ནས། གད་སྙིགས་རིགས་དབྱེ་ཕྱིར་བསྡུ་བེད་སྤྱོད་ཀྱི་ལམ་ལུགས་དང་ནང་སྲོལ། དྲིལ་བསྒྲགས་ཐབས་ལམ་བཅས་གོ་ཆོད་པོ་བཏོན་ནས་ལག་ལེན་དངོས་སུ་བསྟར་དགོས་པ་དང་། རང་ཁུལ་གྱི་བྱང་རྒྱུད་དང་ལྷོ་རྒྱུད་ཀྱི་ལྟེ་གནས་རྫོང་ཁག་ཏུ་གད་སྙིགས་ཕྱིར་བསྡུ་བེད་སྤྱོད་དང་ལྷད་མེད་གཙང་སེལ་གྱི་ས་ཚུགས་ཆེན་པོ་རེ་བཙུགས་པའི་ཐོག་སྤུས་འབོར་གཉིས་ལྡན་གྱི་ལས་སྒྲུབ་མི་སྣ་བཀོད་སྒྲིག་བྱ་རྒྱུ་དང་། དེ་ལུགས་ཀྱི་མ་དངུལ་དང་ཁ་གསབ་སྤྲད་དེ་རྒྱུན་སྲིང་ཐུབ་པར་བྱ་དགོས་པའི་གྲོས་གཞི་བཏོན་པ་དང་། ད་ལྟ་གྲོང་སྡེ་རེར་བྱིས་སློབ་ཁང་རེ་ཡོད་ལ་བྱིས་སློབ་ཁང་གི་དགེ་རྒན་གྱི་གྲངས་ཀ་མང་ཡང་སྤུས་ཚད་མི་ལེགས་པས་འོས་འགན་སློབ་གསོར་འགན་སྲུང་ཚད་དང་ལྡན་པ་ཞིག་བྱེད་དཀའ་བའི་སྣང་ཚུལ་ལ་དམིགས་ནས་གྲོང་སྡེའི་བྱིས་སློབ་ཁང་གི་དགེ་རྒན་གྱི་སྤུས་ཚད་མཐོར་འདེགས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་གསོ་སྦྱོང་བྱེད་ཐབས་མགྱོགས་མྱུར་དུ་འཐུས་སྒོ་ཚང་དུ་གཏང་རྒྱུའི་གནད་དོན་དེ་ཁ་ཚ་དགོས་གཏུག་རེད་འདུག་ཅེས་པའི་གྲོས་གཞི་བཏོན་པ་རེད།

ཚོགས་ཆེན་གཉིས་ཀྱི་གྲོས་རིམ་བཀོད་སྒྲིག་གཞིར་བཟུང་ནས་སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་དང་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་སྤྱི་ཟླ2ཚེས3ནས་ཚེས6ཉིན་གྱི་བར་འཚོག་རྒྱུ་རེད།།

  • ལེ་ཚན་སྔོན་མ།:སྤུས་ཚད་མཐོན་པོའི་ཚོགས་ཆེན་གཉིས་འཚོག་པར་གྲ་སྒྲིག་ཏན་ཏིག་བྱས།
  • ལེ་ཚན་རྗེས་མ།:ད་ལོར་ཁུལ་སྲིད་གྲོས་ཀྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།
  • དོ་སྣང་ཆེ་བའི་རྩོམ།