དཀར་མཛེས་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་འཁྱག་ཉར་འདྲེན་འཚོང་ཟས་རིགས་སྐོར་གྱི་རིམས་ཟོན་བྱེད་ཤུགས་ཆེ་རུ་བཏང་།

ལྷ་འཛོམས་ཀྱིས་བྲིས།        2021-02-01

     ཉེ་ཆར་དཀར་མཛེས་ཁུལ་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་མ་སྐུལ་དང་བླངས་ངང་ཁུལ་ཡོངས་སུ་འཁྱག་ཉར་འདྲེན་འཚོང་ཟས་རིགས་སྐོར་གྱི་རིམས་ཟོན་བྱེད་ཤུགས་ཆེ་རུ་བཏང་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རེད།

     གསར་འགྱུར་འཕྲིན་སྦྱོར་ཐོག་ནས་ཏོག་གསར་གློ་རིམས་ཀྱི་ནད་དུག་དེ་འཁྱག་ཉར་འདྲེན་འཚོང་ཟས་རིགས་བརྒྱུད་དེ་ཐག་རིང་ཕྱི་རྒྱལ་ནས་རང་རྒྱལ་དུ་ཁུར་ཡོང་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ནས་བཟུང་། དཀར་མཛེས་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་མཐོང་ཆེན་ཆེན་པོ་བྱས་ཤིང་། མགོ་ཁྲིད་གཙོ་བོས་དེ་མ་ཐག་ཆེད་དོན་གྲོས་ཚོགས་འཚོགས་ཏེ་འཁྱག་ཉར་འདྲེན་འཚོང་ཟས་རིགས་ཀྱི་ལྟ་སྐུལ་དོ་དམ་ལས་ཀ་ཇེ་དྲག་ཏུ་གཏང་རྒྱུའི་ཐད་བཀོད་སྒྲིག་བྱས་པར་མ་ཟད། ད་དུང་རྒྱལ་ཁབ་དང་ཞིང་ཆེན་གྱི་བཀོད་སྒྲིག་ཞིབ་ཚགས་མ་བྱེད་པའི་སྔོན་དུ། མྱུར་འཕྲལ་བྱ་སྤྱོད་སྤེལ་ཞིང་། འོག་རིམ་ལ་《འཁྱག་ཉར་འདྲེན་འཚོང་ཟས་རིགས་བདག་གཉེར་ལྟ་སྐུལ་དོ་དམ་ལ་ཤུགས་བརྒྱབ་ཏེ་ཏོག་གསར་གློ་རིམས་འགོག་ཟོན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》བཏང་བར་མ་ཟད། ད་དུང་ཟས་རིགས་བདག་གཉེར་བྱེད་རིང་དུ་ཏོག་གསར་གློ་རིམས་ཀྱི་འགོག་ཟོན་བྱ་ཐབས་དོན་འཁྱོལ་ནུས་ལྡན་བྱ་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་ཡོད།

     རྒྱལ་ཁབ་དང་ཞིང་ཆེན་གྱིས་ཏོག་གསར་གློ་རིམས་ཀྱི་རིམས་ཚུལ་འགོག་ཟོན་ལས་ཀའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་འཚོགས་རྗེས། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་འཕྲལ་དུ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཁུལ་ཞིང་འབྲོག་ཞིང་སྡེ་ཅུས། ཁུལ་ཚོང་དོན་ཅུས། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་བཅས་དང་མཉམ་འབྲེལ་བྱས་ནས་དཀར་མཛེས་ཁུལ་གྱི་འཁྱག་ཉར་འདྲེན་འཚོང་ཟས་རིགས་ཀྱི་རིམས་ཟོན་ལས་ཀའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་འཚོགས་ཏེ་འཁྱག་ཉར་འདྲེན་འཚོང་ཟས་རིགས་ཐོན་སྐྱེད་བདག་གཉེར་སྡེ་ཚན་དང་འཁྱག་ཉར་འདྲེན་འཚོང་ཟས་རིགས་གསོག་ཉར་འདོན་སྤྲོད་བྱེད་མཁན་ལ་ཐོ་འགོད་དང་འཁྱག་ཉར་འདྲེན་འཚོང་ཟས་རིགས་ཀྱི་ཡོང་ཁུངས་དོ་དམ་བྱས་པ་རེད།

རྫོང་དང་གྲོང་ཁྱེར་གྱི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་རང་ཡུལ་གྱི་གནས་ཚུལ་དངོས་ཟུང་འབྲེལ་བྱས་ནས་མངའ་ཁོངས་ནང་གི་འཁྱག་ཉར་འདྲེན་འཚོང་ཟས་རིགས་བདག་གཉེར་སྡེ་ཚན་ལ་ཡང་བསྐྱར་ཁྱོན་ཡོངས་ནས་ཞིབ་བཤེར་དང་རིམས་ཚུལ་འགོག་ཟོན་སྐོར་གྱི་ཁྲིད་སྟོན་བྱས་ཤིང་། 2020ལོའི་སྤྱི་ཟླ11པ་ནས་བཟུང་། ཁུལ་ཡོངས་ཀྱི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁྱོན་བསྡོམས་འཁྱག་ཉར་འདྲེན་འཚོང་ཟས་རིགས་གཉེར་མཁན240ལ་ཞིབ་བཤེར་བྱས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་ཡོད་པ4གཙང་བཤེར་ཐུབ་པ་དང་། གཤམ་ལ་བཅོས་སྒྲིག་འགན་དཀྲིའི་བརྡ་ཐོ་བཞི་བཏང་བ་རེད། འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་འཁྱག་ཉར་འདྲེན་འཚོང་ཟས་རིགས་དང་ཟས་རིགས་ཤོག་ཐུམ་སོགས108དང་ལས་ཞུགས་མི་སྣ120ལ་འཁྱག་ཉར་འདྲེན་འཚོང་ཟས་རིགས་དང་འབྲེལ་བའི་ནད་དུག་ཞིབ་བཤེར་ཚད་ལེན་བྱས་ནས་ཚང་མར་ནད་དུག་ཕོག་མེད་པ་ཤེས་གསལ་བྱུང་བ་རེད།།


  • ལེ་ཚན་སྔོན་མ།:ཞའོ་ཡིའུ་ཚའེ་ཡིས་སེར་ཤུལ་རྫོང་དུ་འཚམས་འདྲི་དང་རིམས་བབ་འགོག་ཟོན་ལས་ཀར་ལྟ་སྐུལ་མཛུབ་ཁྲིད་གནང་།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་མི་རིགས་ས་ཁུལ་གྱི་དངུལ་རྩའི་ཁེ་ལས་ཀྱི་ཐབས་ལམ་གསར་པར་འཚོལ་ཞིབ་བྱས་ཏེ།དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
  • དོ་སྣང་ཆེ་བའི་རྩོམ།