སེར་ཤུལ་རྫོང་གིས་ལྔ་གཅིག་དང་ལྔ་བཞི་དུས་ཆེན་བསུ།

ཟླ་བ་སྒྲོལ་མ།        2017-05-04

སྤྱི་ཟླ4བའི་ཚེས29ཉིན་གྱི་མཚན་མོར། སེར་ཤུལ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ར་བ་ནང་དུ་དུས་རྒྱུན་དང་མི་འདྲ་བའི་གློག་འོད་དང་མེ་ཕུང་གི་འོད་ཀྱིས་རབ་ཏུ་གསལ། སྤྲོ་སེམས་འཁོར་བའི་མི་ཚོགས་ཀྱི་དགོད་སྒྲ་དང་ཐལ་མོའི་སྒྲ། གླུ་གར་གྱི་རོལ་དབྱངས་སོགས་ཀྱིས་ཁེངས་སོང་། དེ་ནི་སེར་ཤུལ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ལྔ་གཅིག་དུས་ཆེན་དང་ལྔ་བཞི་དུས་ཆེན་བསུ་བའི་མེ་ཕུང་དགོང་ཚོགས་ཀྱི་ཡུལ་དངོས་རེད།

སྤྲོ་སེམས་ཀྱི་འཛུམ་མདངས་མངོན་པའི་ལས་ཁུངས་སོ་སོས་འདེམས་པའི་ལས་བྱེད་པ་དང་མང་ཚོགས་ནས་འོང་བའི་ངལ་རྩོལ་པ། ན་ཆུང་གཞོན་ནུ་བཅས་མི་སྟོང་ལྷག་དགོང་ཚོགས་སུ་ཞུགས་ཏེ་གླུ་གར་གྱིས་དུས་ཆེན་གཉིས་བསུ་བ་རེད།

དགོང་ཚོགས་སུ་བཀོད་སྒྲིག་བྱས་པའི་འཁྲབ་ཚན་ཏེ(བཀྲ་ཤིས་སྐོར་བྲོ)དང་གླུ་དབྱངས(སེར་ཤུལ་བུ་མོ)སྙན་ངག་གྱེར་འདོན(གངས་མཚན་རྫ་ཆུ་ཁ)དང་། མེད་དུ་མི་རུང་བའི(རྩེ་མདའ་སྐོར་བྲོ)སོགས་ལས་རྫ་ཆུ་ཁའི་ཕོ་སར་རྣམས་དཔའ་ཞིང་ལས་ལ་བརྩོན་པ། བུད་མེད་རྣམས་མཛེས་ཤིང་བྱམས་སེམས་ལྡན་པ། ན་གཞོན་ཚོ་རྒོད་ཞིང་ཐབས་ལ་མཁས་པ་ཞིག་ཡིན་པ་མཚོན་ཐུབ། དེ་བས་ཁྱད་ཆོས་ལྡན་པའི་འཁྲབ་ཚན་ནི་སེར་ཤུལ་གྲོང་རྡལ་སྟག་ལུང་མཉམ་ལས་ཁང་གིས་བཟོ་ལས་ལག་རྩལ་སྟོན་པའི(གོས་ངོམ)ཞེས་པ་དེ་རེད། རྫ་ཆུ་ཁའི་རྒྱན་གོས་ནི་བཟོ་ལྟ་མཛེས་ལ་སྤུས་ཚད་ཡག་པས་བོད་ཡུལ་ལ་ཁྱད་དུ་འཕགས་པས་མ་ཚད་རྒྱལ་ཡོངས་ལ་ཡང་མིང་གྲགས་ཆེན་པོ་ཡོད།  (གོས་ངོམ)ཞེས་པའི་འཁྲབ་ཚན་ནང་དུ་ད་དུང་རྫ་ཆུ་ཁའི་རྡོ་བརྐོས་ལག་རྩལ་ཡང་བསྟན་ཡོད། འདི་ནི་གོས་ངོམ་གྱི་འཁྲབ་སྟོན་ཁོ་ན་མིན་ཏེ་རྫོང་འདིའི་དབུལ་སྐྱོར་གནད་སྨིན་གྱི་ལས་ཀར་ཐོབ་པའི་གྲུབ་འབྲས་ལེགས་པོ་སྟོན་ཡོད་ལ་ཁོ་ཚོས་ངལ་རྩོལ་ལ་བརྟེན་ནས་ཡར་རྒྱས་གོང་འཕེལ་སོང་བའི་བདེ་སྐྱིད་ཀྱི་འཚོ་བ་ཡང་བསྟན་ཡོད།

མཐར་དགོང་ཚོགས་ལྟད་མོ་བ་དང་འཁྲབ་སྟོན་པ་ཐམས་ཅད་ཀྱིས་རྫ་ཆུ་ཁའི་(མ་ཁྲིའི་སྐོར་བྲོ)མཉམ་འཁྲབ་བྱེད་པའི་ཁྲོད་དུ་མཇུག་རྫོགས་སོང་།།


  • ལེ་ཚན་སྔོན་མ།:ཉག་རོང་རྫོང་གིས་ཏང་དྲིན་དྲན་པ་དང་རྒྱལ་གཅེས་ཁྲིམས་སྲུང་། འབྱོར་འབྲིང་བསྐྲུན་པ་བཅས་གཙོ་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་ནས་རྫ་ཁོག་བར་གྱི་སྣུམ་ལམ་ལས་འགོ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།