བོད་ལྗོངས་སློབ་ཆེན་གྱིས་སྐབས་དང་པོའི་འབུམ་རམས་པ12བསྡུ་རྒྱུ་ཡིན་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2014-02-21

ཟླ2པའི་ཚེས17ཉིན་བོད་ལྗོངས་སློབ་ཆེན་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2014ལོར་བོད་ལྗོངས་སློབ་ཆེན་གྱིས་སྐབས་དང་པོའི་འབུམ་རམས་པ12བསྡུ་རྒྱུ་ཡིན་ལ། འདིས་བོད་ལྗོངས་ཀྱི་མཐོ་རིམ་སློབ་གསོའི་ལོ་རྒྱུས་སྟེང་འབུམ་རམས་པ་གསོ་སྐྱོང་བྱེད་པའི་སྟོང་ཆ་བསྐངས་པ་རེད།
      བོད་ལྗོངས་སློབ་ཆེན་གྱི་སློབ་གཙོ་ཕུར་བུ་ཚེ་རིང་གིས་གསུང་རྒྱུར། 2013ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གནས་ཨུ་ཡོན་ལྷན་ཚོགས་ཀྱིས་བོད་ལྗོངས་སློབ་ཆེན་ནི་འབུམ་རམས་པའི་སློབ་གནས་ཐོབ་པའི་སྡེ་ཁག་ཏུ་གཏན་འཁེལ་བྱས་ཤིང་། མི་རིགས་རིག་པ་དང་། ཀྲུང་གོའི་རྩོམ་རིག སྐྱེ་ཁམས་རིག་པ་བཅས་ནི་འབུམ་རམས་པའི་སློབ་གནས་ཐོབ་པའི་རིམ་པ་དང་པོའི་རིག་ཚན་གསུམ་ཡིན་ལ། བོད་ལྗོངས་སློབ་ཆེན་གྱིས་འབུམ་རམས་པའི་སློབ་གནས་ཐོབ་པ་མངོན་འགྱུར་བྱུང་ཞིང་། དངོས་གཞི་དང་རབ་འབྱམས་པ། འབུམ་རམས་པ་བཅས་ཆ་ཚང་ཞིང་རིམ་པ་མང་བའི་མཐོ་རིམ་སློབ་གསོའི་མི་སྣ་གསོ་སྐྱོང་གི་མ་ལག་ཅིག་གྲུབ་པ་རེད།
      ཕུར་བུ་ཚེ་རིང་གིས་གསུང་རྒྱུར། མི་རིགས་རིག་པ་དང་། ཀྲུང་གོའི་རྩོམ་རིག  སྐྱེ་ཁམས་རིག་པ་བཅས་རིག་ཚན་རེ་རེར་མི4བསྡུ་འཆར་ཡོད་ཅིང་བསྡོམས་པས་མི12བསྡུ་རྒྱུ་ཡིན་པ་དང་། དྲ་ཐོག་ཐོ་འགོད་དུས་ཚོད་ནི་ཟླ2པའི་ཚེས28བར་ཡིན་ལ།  རྒྱུགས་ལེན་སློབ་མས་བོད་ལྗོངས་སློབ་ཆེན་གྱི་དྲ་ངོས་དང་ཡང་ན་ཞིབ་འཇུག་སློབ་མ་ཁྲུའི་དྲ་ངོས་ཀྱི་བོད་ལྗོངས་སློབ་ཆེན་འབུམ་རམས་པའི་དྲ་ཐོག་ཐོ་འགོད་མ་ལག་ཏུ་ཐོ་འགོད་བྱས་ཆོག
  • ལེ་ཚན་སྔོན་མ།:འབའ་ལུང་རྫོང་གིས་ནན་ཏན་གྱིས་དབུལ་སྐྱོར་འགྲོ་གྲོན་ཁག་ལ་ཚོད་འཛིན་བྱས་པ།
  • ལེ་ཚན་རྗེས་མ།: རང་རེའི་ཞིང་ཆེན་གྱིས་ད་ལོར་མུ་མཐུད་ནས་དམངས་འཚོའི་ལས་གྲྭ་བཅུ་ལག་བསྟར་བྱ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།