འབའ་ལུང་རྫོང་གིས་ནན་ཏན་གྱིས་དབུལ་སྐྱོར་འགྲོ་གྲོན་ཁག་ལ་ཚོད་འཛིན་བྱས་པ།

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།    2014-02-21

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ན་ནིང་ལོའི་ཚུན་དུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་དབུལ་སྐྱོར་གཞུང་ལས་ཁང་གིས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་འགྲོ་གྲོན་ཁག་ལ་ནན་ཏན་གྱིས་ཚོད་འཛིན་བྱས་ཏེ། བསྲི་ཚགས་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱས།
 
སྤྱིར་བཏང་གི་འགྲོ་གྲོན་ལ་ཚོད་འཛིན་དམ་པོ་བྱས་ཡོད་དེ། གཅིག་ནི་གཞུང་ལས་སྤྱོད་ཆས་བསྲི་ཚགས་བྱས་པ། རྒྱུན་ལྡན་གྱི་གཞུང་ལས་སྤྱོད་ཆས་ཉོ་སྐབས་གཞུང་ལས་སྤྱོད་ཆས་ཇེ་ཉུང་དུ་གཏོང་གང་ཐུབ་བྱས་ནས། གཞུང་ལས་སྒྲིག་ཆས་ལ་བེད་སྤྱོད་ཚད་ལྡན་གཏོང་ཞིང་ཉམས་གསོ་བྱས་ཏེ་བེད་སྤྱོད་དུས་ཡུན་རིང་དུ་སྲིང་བ་རེད། གཉིས་ནི་གློག་དང་ཆུ་ལ་བསྲི་ཚགས་བྱས་ཡོད་དེ། རྩིས་འཁོར་དང་པར་ཆས། བསྐྱར་པར་འཕྲུལ་ཆས་བེད་སྤྱོད་མ་གཏོང་སྐབས་སུ་གློག་མེད་པར་བཞག་ཅིང་། བདེ་འཇགས་དང་ཚད་ལྡན་ངང་ནས་གློག་སྤྱོད་དེ། ལས་ཀ་དང་འབྲེལ་བ་མེད་པའི་གློག་འཕྲུལ་སྒྲིག་ཆས་བེད་སྤྱོད་མ་བཏང་བ་རེད།
 
མི་སྣའི་འགྲོ་གྲོན་དང་གསབ་དངུལ་ལ་བསྲི་ཚགས་བྱས་པ། རྒྱལ་ཁབ་ཀྱི་ཚད་ལྡན་གྱི་གསབ་དངུལ་དང་འབྲེལ་བའི་སྲིད་ཇུས་ཁྲིམས་སྲོལ་གྱི་གཏན་འབེབས་ལ་གཞིགས་ནས་གསབ་དངུལ་སྤྲོད་པ་རེད།
 
གཞུང་ལས་སྣེ་ལེན་ལ་དོ་དམ་དམ་པོ་བྱས་ཡོད་དེ། གཞུང་ལས་སྣེ་ལེན་གྱི་འགྲོ་གྲོན་གྱི་ཚད་ལྡན་ལ་ཚོད་འཛིན་དམ་པོ་བྱས་ནས། རྩ་དོན་ཐོག་གཞུང་ལས་སྣེ་ལེན་གྱི་འགྲོ་གྲོན་མིང་ཐོ་འགོད་ནས་བཞག་མི་ཆོག་པ་དང་། གོང་རིམ་སྡེ་ཁག་གིས་བརྟག་ཞིབ་དང་ཞིབ་བཤེར་ཡོང་སྐབས་ཀྱི་གཞུང་ལས་སྣེ་ལེན་བྱེད་སྐབས་ལས་ཀའི་ཟ་མ་སྤྲོད་པ་དང་སྟབས་གང་བདེ་བྱས་ཤིང་། སྔ་དྲོའི་སྐབས་སུ་ཆང་རག་མི་བཞག་པ་བྱས་པ་རེད།
 
དྲན་རྟེན་སྤྲོད་པར་ཚོད་འཛིན་དམ་པོ་བྱས་ཡོད་དེ། གཞུང་ལས་སྣེ་ལེན་བྱེད་སྐབས་སུ་རྩ་དོན་ལྟར་དྲན་རྟེན་མི་སྤྲོད་པ་དང་། དགོས་དོན་ངེས་ཅན་ཡོད་སྐབས་ངེས་པར་དུ་སྒྲིག་ཁྲིམས་ཨུའི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ཤིང་ཚོད་འཛིན་དམ་པོ་བྱས་པ། དྲན་རྟེན་ནི་རང་ས་གནས་ནས་ཐོན་པའི་ཁྱད་རྫས་དང་དྲན་རྟེན་ཏེ་དོན་སྙིང་ལྡན་པའི་མཛེས་རྩལ་ཐོན་རྫས་ཆུང་གྲས་སོགས་མ་གཏོགས་སྤྲོད་མི་ཆོག
 
གཞུང་སྤྱོད་རླངས་འཁོར་གྱི་འགྲོ་གྲོན་ལ་ཚོད་འཛིན་དམ་པོ་བྱས་ཡོད་དེ། གཞུང་སྤྱོད་རླངས་འཁོར་གྱི་ས་གནས་གཏན་འཁེལ་གསུམ་སྟེ་གཏན་འཁེལ་བྱས་པའི་ས་གནས་སུ་ཉེན་འགོག་བྱེད་པ་དང་། གཏན་འཁེལ་བྱས་པའི་ས་གནས་སུ་སྣུམ་སྣོན་པ། གཏན་འཁེལ་བྱས་པའི་ས་གནས་སུ་ཉམས་གསོ་བྱེད་པའི་ལམ་ལུགས་དང་། གཞུང་ལས་ཁང་གིས་གཅིག་འགྱུར་གྱིས་དོ་དམ་བྱེད་པའི་ལམ་ལུགས། བཀོད་མངག་ལམ་ལུགས་བཅས་ལག་བསྟར་དོན་འཁྱོལ་བྱས་ནས། རླངས་འཁོར་གྱི་བེད་སྤྱོད་མ་གནས་ཇེ་ཉུང་དུ་བཏང་བ་རེད།   ། 
  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱིས་གྲོང་ཁྱེར་ལྗང་བསྒྱུར་དང་རི་ངོས་བཅོས་སྐྱོང་བྱེད་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་སློབ་ཆེན་གྱིས་སྐབས་དང་པོའི་འབུམ་རམས་པ12བསྡུ་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།