ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོའི་བོད་ཀྱི་དྲ་བ། 2012-08-14
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བོད་ཡིག་སློབ་འབྲིང་བོད་ཀྱི་སྐད་ཡིག་སློབ་དཔྱོད་ཁང་གིས་རྩོམ་སྒྲིག་བྱས་པའི《བོད་ཡིག་བསླབ་དེབ》ཐོག་མ་རྩོམ་སྒྲིག་བྱས་ནས་ལེགས་འགྲུབ་བྱུང་བ་དང་། པར་སྐྲུན་བྱས་རྗེས་ད་ལོའི་སྟོན་ཁའི་སློབ་གྲྭ་འགོ་ཚུགས་རྗེས་དམའ་འབྲིང་དང་པོའི་སློབ་མའི་སློབ་དེབ་ཏུ་བཀོལ་རྒྱུ་རེད།
བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་བོད་སྐད་ཡིག་སློབ་དཔྱོད་ཁང་གི་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། བདེ་ཆེན་བོད་ཁུལ་གྱི་བོད་ཀྱི་སྐད་ཡིག་སློབ་གསོ་ས་ཁུལ་གཞན་དང་བསྡུར་ན་རྗེས་ལུས་ཡིན་པ་དང་། བོད་ཡིག་སློབ་འབྲིང་གི་དམའ་འབྲིང་དང་པོ་འགྲིམ་བཞིན་པའི་སློབ་མའི་བོད་སྐད་ཡིག་གི་ཆུ་ཚད་ཅུང་དམའ་བའི་ཚུལ་དུ་གནས་ཡོད་ལ། རྒྱལ་ཡོངས་ཞིང་ལྗོངས་ལྔ་ཡིས་སྒྲིག་པའི་དམའ་འབྲིང་སྐབས་ཀྱི་བོད་སྐད་ཡིག་བསླབ་དེབ་དང་འོས་འཚམ་མིན་པས། དམའ་འབྲིང་གི་བོད་སྐད་ཡིག་སློབ་ཁྲིད་ཀྱི་རྒྱུ་སྤུས་ཅུང་ཞན། བདེ་ཆེན་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཚད་མཐོ་བའི་དོ་སྣང་དང་། བདེ་ཆེན་ཁུལ་སློབ་གསོ་ཨུ་ཡོན་ལྷན་ཁང་། སློབ་གྲྭ་འགོ་ཁྲིད་དག་གིས་རྒྱབ་སྐྱོར་བྱས་འོག བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་སློབ་སྐད་ཡིག་སློབ་དཔྱོད་ཁང་གིས་རྒྱལ་ཡོངས་བོད་ཁུལ་བོད་སྐད་ཡིག་སློབ་གསོ་ཡི་འཕེལ་རྒྱས་གནས་བབ་གཞིར་བཟུང་བ་མ་ཟད། བདེ་ཆེན་ཁུལ་གྱི་བོད་སྐད་ཡིག་ལག་ལེན་དངོས་དང་ཟུང་འབྲེལ་བྱས་ཤིང་། ཕྱོགས་མང་པོའི་བསམ་འཆར་བསྡུ་ལེན་བྱས་པ་བརྒྱུད་དེ《བོད་ཡིག་བསླབ་དེབ》རྩོམ་སྒྲིག་བྱས།
སློབ་གྲྭ་བཙུགས་ནས་ལོ་ངོ20རིང་ལ། བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གིས་བོད་སྐད་ཡིག་སློབ་ཁྲིད་ཞིབ་འཇུག་བྱ་བར་མཐོ་མཐའ་བར་གསུམ་དུ་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། བོད་སྐད་ཡིག་སློབ་གསོའི་སློབ་ཁྲིད་བྱ་བའི་སྟེང་གྲུབ་འབྲས་གཡུར་ཏུ་ཟ་བ་བླངས། མིག་སྔར་ཁུལ་བོད་ཡིག་སློབ་འབྲིང་གི་མཐོ་འབྲིང་ནས་སློབ་མཐར་ཕྱིན་པའི་སློབ་མ400ལྷག་ཀྲུང་དབྱང་མི་རིགས་སློབ་ཆེན་དང་ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་སློབ་གྲྭ་ཆེན་མོ། མཚོ་སྔོན་ཉེན་རྟོག་སློབ་གླིང་། ཡུན་ནན་མི་རིགས་སློབ་ཆེན། བོད་ལྗོངས་སློབ་གྲྭ་ཆེན་མོ། བོད་ལྗོངས་གསོ་རིགས་སློབ་གླིང་སོགས་མཐོ་རིམ་སློབ་གྲྭ་རུ་སློབ་གྲྭ་འགྲིམ་བཞིན་ཡོད།
སློབ་གྲྭ་འདིའི་བོད་ཀྱི་སྐད་ཡིག་སློབ་ཁྲིད་སློབ་དཔྱོད་ཁང་གི་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། སློབ་གྲྭ་འདིའི་རྗེས་མར་བོད་ཡིག་དམའ་འབྲིང་དང་མཐོ་འབྲིང་མཉམ་ཁྲིད་སྦྱོང་དེབ་རྩོམ་སྒྲིག་བྱེད་རྒྱུ་ཡིན་ལ། བོད་ཡིག་ཡིག་གཟུགས་སློབ་ཁྲིད་དང་བོད་ཡིག་མཐོ་རྒྱུགས་སྦྱོང་དེབ་སོགས་དཔེ་ཆ་རྩོམ་སྒྲིག་བྱས་ནས་སློབ་གྲྭ་རང་གི་སློབ་མར་འདོན་སྤྲོད་བྱེད་རྒྱུ་ཡིན་དེ། སློབ་གྲྭ་འདིའི་སློབ་མར་བོད་ཡིག་གསབ་སྦྱོང་སློབ་དེབ་དཀོན་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10