ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། རིག་གནས་པུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་པེ་ཅིན་ནས་རྒྱལ་ཡོངས་རིག་གནས་མ་ལག་གི་སྔོན་ཐོན་ཚོགས་ཁག་དང་རྒྱལ་ཡོངས་རིག་གནས་སྔོན་ཐོན་ལས་ཁུངས། སྔོན་ཐོན་ལས་བྱེད་པ། ངལ་རྩོལ་དཔེ་བཟང་“སྔོན་ཐོན་གསུམ”ཞེས་པའི་གཟེངས་བསྟོད་གནང་བའི་བྱེད་སྒོ་བསྡུས་ཏེ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཅུས་ལ་ཐེངས་དང་པོར“རྒྱལ་ཡོངས་རིག་གནས་མ་ལག་གི་སྔོན་ཐོན་ཚོགས་ཁག”ཞེས་པའི་གཟེངས་བསྟོད་ཐོབ་པ་རེད།
ཉེ་བའི་ལོ་འགའི་རིང་། ཁུལ་རིག་གནས་ཅུས་ཀྱིས་ཕྱོགས་ཡོངས་ནས་“རིག་གནས་ལ་བརྟེན་ནས་ཁུལ་དར་སྤེལ་གཏོང་བ”ཞེས་པའི་ཐབས་ཇུས་ལག་བསྟར་བྱས་པ་དང་། དོན་དངོས་ལ་བརྟེན་ཏེ་ཁྱད་ཆོས་འབུར་དུ་ཐོན་པ། རྨང་གཞིའི་སྒྲིག་ཆས་ལ་ཤུགས་བསྣན་པ། སྤྱི་པའི་ཞབས་འདེགས་འཐུས་ཚང་དུ་བཏང་བ། རིག་གནས་ཤུལ་རྫས་སྲུང་སྐྱོང་བྱས་པ། རིག་རྩལ་གསར་རྩོམ་དར་སྤེལ་བཏང་བ། རིག་གནས་བརྗེ་རེས་བྱེད་ཤུགས་ཆེ་རུ་བཏང་བ། རིག་གནས་ཐོན་ལས་གོང་སྤེལ་བཏང་བ། རིག་གནས་ཚོང་ར་ཚད་གཞི་ཅན་དུ་གྱུར་བ། ལམ་ལུགས་གསར་གཏོད་གཙོར་འཛིན་པ། རྒྱལ་ཡོངས་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དཔེ་སྟོན་ཁུལ་དུ་འཛུགས་པ་དམིགས་ཡུལ་དུ་འཛིན་པ། རིག་གནས་ཀྱིས་མི་དམངས་ལ་དགའ་སྤྲོ་སྐྱེལ་བ་དང་རིག་གནས་ཀྱིས་མི་དམངས་ལ་གསོ་སྦྱོང་བྱེད་པ། རིག་གནས་ལ་བརྟེན་ནས་མི་དམངས་ཕྱུག་པོར་འགྱུར་བ།རིག་གནས་ལ་བརྟེན་ནས་མི་དམངས་ལ་ཕན་ནུས་ཐོབ་པ་བཅས་འགོ་ཚུགས་ས་དང་དམིགས་ཡུལ་དུ་འཛིན་ཏེ། སྟོབས་ཤུགས་གང་ཡོད་ཀྱིས་“སེམས་ཀྱི་ཉི་ཟླ”དང་“ཇ་རྟའི་གནའ་ལམ།” “གཙང་གསུམ་མཉམ་བཞུར”བཅས་ཀྱི་མིང་རྟགས་གྲགས་ཅན་ཆེན་མོ་གསུམ་བསྐྲུན་ནས། ཡུན་ནན་བོད་ཁུལ་གྱི་རིག་གནས་ལ་གོང་འཕེལ་བྱུང་བ་དང་། སྤྱི་ཚོགས་ལ་འཆམ་མཐུན་བརྟན་བརླིང་བྱུང་བ། མི་དམངས་ལ་བདེ་སྡོད་ལས་བརྩོན་བྱུང་བ། ཁུལ་ཡོངས་ཀྱི་མི་དམངས་ལ་བསམ་པའི་ཁྱིམ་གཞིས་ཤིག་སྐྲུན་པ། ཀྲུང་གོའི་ཕུགས་འདུན་བདེ་ཆེན་གྱི་ལེ་ཚན་གསར་པ་འབྲི་བར་ལེགས་སྐྱེལ་ཕུལ་ཡོད། །