ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-12-13
སྤོམ་རྩེ་རག་སྐོར་བྲོ་འཁྲབ་པའི་རྣམ་པ།
སྤོམ་རྩེ་རག་སྐོར་བྲོ་འཁྲབ་པའི་རྣམ་པ།
སྤོམ་རྩེ་རག་གི་སྐོར་བྲོ་ནི་ཁམས་པ་ས་ཁུལ་ན་ཤིན་ཏུ་དར་ཁྱབ་ཆེ་ཞིང་། ཡུན་ནན་བདེ་ཆེན་ས་ཁུལ་དུ་མི་ཚང་མས་སྤོམ་རྩེ་རག་གི་སྐོར་བྲོ་གླེང་དུས་མ་གྲོས་རང་མཐུན་གྱིས་དེ་ནི་སྤོམ་རྩེ་རག་གི་སྐོར་བྲོ་རིག་གནས་ཡིན་པར་བཤད། དེར་ཆོས་ལུགས་ནས་བོད་མི་དམངས་ཀྱི་དུས་རྒྱུན་འཚོ་བ་དང་། འཇིག་རྟེན་འགྲོ་ལུགས་ནས་རང་བྱུང་ཆོས་ཉིད་སོགས་འདུས་ཤིང་། ཡབ་མེས་རྣམས་ཀྱིས་འདི་ལྟ་བུའི་རྣམ་པ་ཞིག་ལས་ཁོ་ཚོའི་འཚོ་བ་དང་ཁོ་ཚོ་བརྒྱུད་པའི་ལམ་ཕྲེང་སོགས་བརྗོད་པ་དང་། དེའི་མཚུངས་སུ་རྗེས་རབས་པ་རྣམས་ལ་གུས་སྲོལ་དང་ཁྲེལ་གཞུང་སྐོར་གྱི་ཤེས་བྱ་གནང་། དེར་བརྟེན་སྤོམ་རྩེ་རག་གི་སྐོར་བྲོ་ནི་ས་གནས་བོད་རིགས་མང་ཚོགས་ཀྱི་རིག་གནས་སྐྱེད་བྱེད་དུ་གྱུར་ཞིང་། ས་གནས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་ཐད་ནུས་པ་ཆེན་མོ་ཐོན་གྱི་ཡོད། 2002ལོར་སྤོམ་རྩེ་རག་གི་སྐོར་བྲོ་ནི་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་སྐབས་དང་པོར་ཚུད།
འབྲེལ་ཡོད་སྤོམ་རྩེ་རག་སྐོར་བྲོ་བསླབ་གཞིའིDVDའོད་སྡེར།
ཡིན་ཡང་གཟུགས་འདས་རིག་གནས་ཤུལ་བཞག་གཞན་དང་མཚུངས་པར། སྤོམ་རྩེ་རག་གི་སྐོར་བྲོ་ཡང་དེང་རབས་དཔལ་ཡོན་གྱི་རྡབ་ཤུགས་དྲག་པོ་ཐེབས་ཀྱི་ཡོད་དེ། ས་གནས་སྐོར་བྲོའི་གར་སྟེགས་སུ་ཕྱོགས་གང་མང་ནས་ནུས་མེད་དུ་ལུས་པ་རེད། གནས་ཚུལ་འདི་ལྟ་བུ་བྱུང་བར་བརྟེན། བདེ་ཆེན་ཁུལ་བདེ་ཆེན་རྫོང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་སྤོམ་རྩེ་རག་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག སྤོམ་རྩེ་རག་གི་སྐོར་བྲོ་སྲུང་སྐྱོབ་བྱེད་པའི་བྱ་འགུལ་རིམ་བཞིན་སྤེལ་ཐུབ་པ་བྱུང་།
འབྲེལ་ཡོད་སྤོམ་རྩེ་རག་སྐོར་བྲོ་བསླབ་གཞིའིDVDའོད་སྡེར།
སློབ་མ་རྣམས་ཀྱིས་དགེ་རྒན་གྱི་དབྱངས་ལ་ཉན་པ།
རྒྱུས་ལོན་བྱུང་བ་ལྟར་ན། 2010ལོ་དང2011ལོར་བདེ་ཆེན་རྫོང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མ་དངུལ་བཏང་སྟེ་འབྲེལ་ཡོད་སྤོམ་རྩེ་རག་སྐོར་བྲོ་བསླབ་གཞིའིDVDའོད་སྡེར་གཉིས་ཕབ་བསྐྲུན་དང་སྒྲིག་བཟོ་བྱས་པ་དང་། འོད་སྡེར་འདི་དག་རིན་མེད་སྒོས་ས་གནས་མང་ཚོགས་ལ་བཀྲམ་ཏེ་ཁོ་ཚོས་སྐོར་བྲོ་སྦྱོང་བར་སྟབས་བདེ་གང་ལེགས་བསྐྲུན། ད་ལོར་ཡང་བདེ་ཆེན་རྫོང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ《གངས་ལྗོངས་སྙན་དབྱངས། སྤོམ་རྩེ་རག་སྐོར་བྲོའི་གཞས་ཚིག་ཕྱོགས་བསྡུས》ཞེས་པའི་དཔེ་དེབ་ཅིག་འཚོལ་སྡུད་དང་ལེགས་སྒྲིག་བྱས་ལ། མིག་སྔར་པར་སྐྲུན་བྱེད་པའི་སྒང་ཡིན་པ་དང་མི་འགྱངས་པར་འགྲེམ་སྤེལ་བྱ་རྒྱུ་ཡིན་པ་རེད། དཔེ་དེབ་འདི་ཡང་རིན་མེད་སྒོས་ས་གནས་མང་ཚོགས་ལ་འགྲེམ་ངེས་ཡིན།
འདི་ལྟ་བུའི་བྱ་འགུལ་སྤེལ་བར་ས་གནས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པའི་ཁར། བདེ་ཆེན་རྫོང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་སྤོམ་རྩེ་རག་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་ས་གནས་མང་ཚོགས་ཀྱི་རེ་འདོད་དང་དགོས་མཁོ་ལྟར་སྤོམ་རྩེ་རག་སྐོར་བྲོའི་གསོ་སྦྱོང་འཛིན་གྲྭ་བསྡུས་ཤིང་། དེ་ནི་སྐོར་བྲོའི་སྟེགས་བུ་རུ་རྐང་འཛིན་མི་སྣ་གསོ་སྐྱོང་བྱེད་པའི་ཆེད་ཡིན་ལ། སྦྱོང་མཁན་ལོ35ནས་ལོ45བར་ཡིན་པ་དང་། ལས་རིགས་སོ་སོའི་ས་གནས་མང་ཚོགས་འདུས།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་འཆར་འགོད་ལྟར་ཉིན10ལ་སྤེལ་རྒྱུ་ཡིན་ཞིང་། ཟླ12པའི་ཚེས8ཉིན་ཏེ་བོད་ལུགས་ཀྱི་བཅུ་བའི་ལྔ་མཆོད་ཉིན་མོར་གསོ་སྦྱོང་འཛིན་གྲྭའི་འགོ་རྩོམ་མཛད་སྒོ་བསྡུས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10