མཚོ་སྔོན་གྱིས་སྲོལ་ཡིག་བཟོས་ནས་ས་མཐོའི་འདམ་རའི་ཐོན་ཁུངས་ལ་སྲུང་སྐྱོང་བྱས།
མིག་དམར་གྱིས་བསྒྱུར། 2013-08-26
ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གཏམ་གསར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར《མཚོ་སྔོན་ཞིང་ཆེན་གྱི་འདམ་ར་སྲུང་སྐྱོང་གི་སྲོལ་ཡིག་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་ཟླ9ཚེས1ཉིན་ནས་བཟུང་དངོས་སུ་ལག་ལེན་བསྟར་རྒྱུ་རེད།
མཚོ་སྔོན་ནི་འབྲི་ཆུ་དང་རྨ་ཆུ། ཟླ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་ལ། ཀྲུང་གོའི་འདམ་རའི་ཐོན་ཁུངས་ཆེ་བའི་ཞིང་ཆེན་ཞིག་ཀྱང་ཡིན། མཐོ་སྒང་གི་ཁྱད་ཆོས་འབུར་དུ་ཐོན་ལ་ཀྲུང་གོ་མ་ཚད་ཨེ་ཤ་ཡ་ཤར་མའི་སྐྱེ་ཁམས་ཁོར་ཡུག་སྙོམས་སྒྲིག་བྱེད་པར་ནུས་པ་གལ་ཆེར་འདོན་པ་རེད། 2012ལོའི་ལོ་མཇུག་གི་བར་དུ། ཞིང་ཆེན་ཡོངས་སུ་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི816ལ་ཟིན་པས་ཀྲུང་གོའི་ཨང་དང་པོར་གྱུར་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།《མཚོ་སྔོན་ཞིང་ཆེན་གྱི་འདམ་ར་སྲུང་སྐྱོང་གི་སྲོལ་ཡིག་》ལ་བཀོལ་སྤྱོད་རང་བཞིན་དང་དམིགས་སའི་རང་བཞིན་ངེས་ཅན་ལྡན་ཞིང་། འདམ་ར་སྲུང་སྐྱོང་གི་འགན་འཁྲི་ལས་ཁུངས་དང་ལྟ་སྐུལ་ལས་ཁུངས་གསལ་པོར་བྱས་ལ། འདམ་རའི་ནང་འཚམས་འཇོག་དགོས་པའི་བྱ་སྤྱོད་གསལ་པོ་བཏོན་ཡོད་པ་སྟེ། རང་དགར་སྦོལ་རྒྱོང་དང་།བྱེ་རྡོ་སྔོག་འདོན།རྔོན་བྱེད་པ།གད་སྙིགས་འཕོ་བ།བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རྒྱུད་སྤེལ་བྱེད་ས་གཙོ་བོ་དང་འཚོ་གནས་བྱེད་སར་གཏོར་བཤིག་གཏོང་ཚེ་སྲོལ་ཡིག་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་པ་མ་ཟད།ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་རེད།