རྟ་ནོར་ལུག་གསུམ་ནི་བོད་པ་ཚང་གི་སྒོ་ཕྱུགས་ཡིན་ལ།རྒྱུན་པར་རྟ་ནོར་ལུག་གསུམ་གྱི་འཚོ་སྐྱོང་ལ་བརྟེན་ནས་འཆམ་མཐུན་ཞི་གནས་ཀྱི་འཚོ་བ་སྐྱེལ་བཞིན་ཡོད་པ་དང་།དེ་དག་ནི་བོད་མི་རང་གིས་སྒོ་ཕྱུགས་གཡང་གི་ནོར་བུ་ཞིག་ཏུ་རྩི་ཡི་ཡོད།དེ་ལས་རྟ་ནི་གནའ་ནས་ད་བར་དུ་བོད་པ་ཚང་གི་རྒྱང་བཞུད་ཀྱི་བཞོན་པ་དང་སྐྱེལ་འདྲེན་གྱི་བཀོལ་བྱ་གཙོ་བོར་གྱུར་ཞིང་།ཁྱད་པར་དུ་ལོ་སར་དང་དུས་ཆེན་སོགས་ཀྱི་སྐབས་སུ་རྟ་རྒྱུག་དང་རྟ་རྩལ་སོགས་རྟའི་རྩེ་མོ་དེ་དག་ནི་བོད་པ་ཚང་གི་མིག་གི་བདུད་རྩི་རུ་མཐོང་།དེང་སང་འཕྲུལ་རྟ་དང་རླངས་འཁོར་སོགས་ཇེ་མང་དུ་སོང་བས་རྒྱང་བཞུད་དང་སྐྱེལ་འདྲེན་སོགས་ལ་དེ་འདྲའི་ཐབས་མི་ཆག་རུང་།དུས་ཆེན་སོགས་ཀྱི་སྐབས་སུ་རྟ་རྒྱུག་སོགས་ཀྱི་རྩེ་མོ་མེད་དུ་མི་རུང་བ་ཞིག་ཏུ་ཆགས་ཡོད།དེས་ན་རྟ་ཕོ་ཁ་ཆུང་ཅན་ལ་སྒ་ཆས་དང་སྲབ་སྨད་ཆ་ཚང་གིས་བརྒྱན་ཏེ་འགྲོས་གོམ་པ་དང་རྒྱུག་བང་རྩལ་སོགས་རྟའི་རྩེ་མོ་སྣ་ཚོགས་ཀྱིས་མིག་གི་གཟིགས་མོ་ཀུན་ཏུ་ཚིམས་པར་བྱས།
ལོ་སར་ཚེས་གསུམ་ཉིན་མི་ཉག་སྐྱ་གད་ཡུལ་དུ་ལོ་སར་དགའ་སྟོན་གྱི་རྟ་རྒྱུག་འགྲན་བསྡུར་སྤེལ་བས།ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ལྟད་མོ་བས་རི་ལུང་འགེངས་པ་དང་།འཕྲུལ་རྟ་དང་རླངས་འཁོར་སོགས་ཀྱིས་གང་སར་ཁྱབ་པར་གྱུར།ཉིན་དེར་རྟ་རྒྱུག་དང་རྟ་རྩལ།གོམ་པའི་འགྲོས་དང་མི་རྒྱུག་སོགས་དགའ་སྟོན་གྱི་རྩེ་མོ་སྣ་ཚོགས་སྤེལ་བ་རེད།