རང་ཁུལ་གྱིས་དཔེ་ཆ་འགྲེམས་སྟོན་བྱས་ཏེ་བོད་ལོ་གསར་ལ་རྟེན་འབྲེལ་ཞུས།
(མིག་དམར་གྱིས།) 2012-02-27
ཟླ་བ2པའི་ཚེས22ནས་23བར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་ཁུལ་ཨུ་དྲིལ་བསྒྲགས་པུའུ་དང་ཁུལ་རིག་གནས་ལུས་རྩལ། རྒྱང་བསྒྲགས་བརྙན་འཕྲིན་ཅུས་བཅས་ཀྱིས་སྒྲུབ་འགན་ཁུར་ཏེ་བོད་ཆུ་ཕོ་འབྲུག་གི་ལོ་གསར་ལ་རྟེན་འབྲེལ་ཞུས་ཆེད། མཛའ་གཞས་ཐང་ཆེན་དུ་དཔེ་ཆ་འགྲེམས་སྟོན་བྱེད་པའི་རིག་གནས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོའི་ལས་ཡུལ་དངོས་སུ་གསར་འགོད་པས་ལོ་ན་རྒན་པ་དང་ལོ་ཆུང་བྱིས་པ། ཡང་ན་ལམ་འགྲོ་པ་གང་ཡིན་རུང་ཚང་མས་གོམ་པའི་འདེགས་འཇོག་གི་བསྒྱུར་མཚམས་བཞག་སྟེ་གྲལ་བསྟར་བཞག་པའི་དཔེ་ཆ་བླངས་ཏེ་ལ་ལས་ལོ་རྒྱུས་ཀྱི་དཔེ་ཆར་ལྟ་ཞིང་ཁ་ཤས་ཀྱིས་ཁྲིམས་ལུགས་ཀྱི་དཔེ་ཆར་ལྟ་བཞིན་ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་རིག་གནས་ཀྱི་རྒྱ་མཚོར་འཇུག་བཞིན་པའི་རྣམ་པ་མཐོང་།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོར་ཞིན་ཧྭ་དཔེ་མཛོད་ཁང་གིས་དཔེ་ཆ་སྣ་ཁ200ལྷག་དང་དཔེ་དེབ2000ལྷག་བཀྲམས་པ་རེད། དེའི་ནང་དུ་བོད་ཡིག་གི་དཔེ་ཆ་དང་ས་གནས་ཀྱི་ཚད་ལྡན་ཡིག་ཆ། ས་གནས་རང་གི་རྩོམ་པ་པོའི་དཔེ་ཆ་བཅས་ཚུད་ཅིང་། ཁུལ་དཔེ་མཛོད་ཁང་གིས་དཔེ་ཆ1000ལྷག་བཀྲམས་པ་དང་དེ་རུ་ལོ་རྒྱུས་དང་ཚན་རྩལ། བཅའ་ཁྲིམས་ཁྲིམས་སྲོལ་དང་རྩོམ་རིག་སྒྱུ་རྩལ་སོགས་ཀྱི་དཔེ་ཆ་ཚུད་ཡོད་པ་རེད། ཁུལ་ཞིན་ཧྭ་དཔེ་མཛོད་ཁང་དང་ཁུལ་དཔེ་མཛོད་ཁང་གི་འགན་ཁུར་པས་དཔེ་ཆ་འགྲེམས་སྟོན་གྱི་བྱེད་སྒོ་སྤེལ་བ་འདིས་རྒྱ་ཆེ་བའི་མང་ཚོགས་ལ་རིག་གནས་ཀྱི་དགོས་མཁོ་བསྐངས་ཤིང་དཔེ་དེབ་ཀྱི་བེད་སྤྱོད་ལས་ཆོད་མཐོ་རུ་ཕྱིན་རྒྱུ་རེད་ཅེས་བཤད་པ་རེད།