ལྷ་འཛོམས་ཀྱིས་བསྒྱུར། 2012-01-30
ལིའུ་ཏའོ་ཕིང་གིས་བྲག་འགོ་རྫོང་ལ་ཐོལ་བྱུང་གནས་ཚུལ་ཐག་གཅོད་བྱེད་བཞིན་པའི་སྤྱི་བདེ་ཉེན་རྟོག་པ་དང་རྡུང་གཅོག་གི་འཇབ་རྒོལ་ཐེབས་པའི་མང་ཚོགས་ལ་འཚམས་འདྲི་གནང་སྐབས།ཏང་ཨུ་དང་སྲིད་གཞུང་ནི་ཁྱོད་རང་ཚོའི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡིན་ཞེས་གསུངས།ཟླ་བ་དང་པོའི་ཚེས25ཉིན་གྱི་སྔ་དྲོར།ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཏའོ་ཕིང་གིས་བྲག་འགོ་རྫོང་དུ་ཟླ་བ་དང་པོའི་ཚེས23ཉིན་བུད་པའི་དོན་རྐྱེན་ནང་ཐོལ་བྱུང་གནས་ཚུལ་ཐག་གཅོད་བྱེད་མཁན་སྤྱི་བདེ་ཉེན་རྟོག་པ་དང་རྡུང་གཅོག་གི་འཇབ་རྒོལ་ཐེབས་པའི་མང་ཚོགས་ལ་འཚམས་འདྲི་ཞུ་སྐབས་ནན་གསུང་གནང་དོན།ང་ཚོས་གཉེར་བའི་བྱ་གཞག་དེ་དྲང་ལྡན་གྱི་བྱ་གཞག་ཡིན་པས།ཚང་མས་སེམས་ཁྲལ་བྱེད་མི་དགོས་ལ་དངངས་སྐྲག་ཀྱང་སྐྱེ་མི་དགོས།ངེས་པར་དུ་ཏང་ཨུ་དང་སྲིད་གཞུང་ལ་ཡིད་ཆེས་བརྟན་པོ་བྱས་ནས་སྤྱོད་བཟང་དར་སྤེལ་གཏོང་བ་དང་ཡིད་ཆེས་ཁེངས་པ་བྱེད་དགོས།ཏང་ཨུ་དང་སྲིད་གཞུང་ནི་ཁྱོད་རང་ཚོའི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡིན།
ཟླ་བ་དང་པོའི་ཚེས23ཉིན་ནི་དཔྱིད་གསར་གྱི་ཚེས་གཅིག་ཡིན་པས།བྲག་འགོ་རྫོང་ལ་ཉེན་ཅན་ཉུང་ཤས་ཤིག་ལ་ཕྱི་ཕྱོགས་ཀྱི་ཁ་བྲལ་སྟོབས་ཤུགས་ཀྱིས་མགོ་སྐོར་སླུ་བྲིད་དང་བཀོད་པ་བཏང་ནས་སྒྲིག་འཛུགས་དང་ངན་ཇུས་སྔོན་འགོད།དམིགས་ཡུལ་ཡོད་པ།མང་ཚོགས་ལ་ངན་སྐུལ་དང་མགོ་སྐོར་གཏོང་བ།སྨྱོ་ཧམ་ཆེན་པོས་རྒྱལ་ཁབ་ཀྱི་ལས་ཁུངས་ལ་ཕོག་ཐུག་གཏོང་བ།མང་ཚོགས་ཀྱིས་དགའ་སྤྲོ་ཆེན་པོས་དཔྱིད་གསར་དུས་ཆེན་རོལ་བར་གང་བྱུང་དུ་བཀག་འགོག་བྱེད་པའི་རྡུང་གཅོག་འཕྲོག་གསུམ་གྱི་དྲག་ཤུགས་དོན་རྐྱེན་ཚབས་ཆེན་ཞིག་བུད་ནས་རྒྱལ་ཁབ་དང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཏང་བ་རེད།དོན་རྐྱེན་བུད་རྗེས།ལིའུ་ཏའོ་ཕིང་སོགས་ཁུལ་དང་རྫོང་གི་འགོ་ཁྲིད་དུས་ཚོད་དང་པོར་དོན་རྐྱེན་བུད་སར་ཕྱིན་ནས་བཀོད་འདོམས་བྱས་པ་དང་ཐག་གཅོད་འོས་འཚམས་བྱས་ཏེ་མྱུར་དུ་རྒྱུན་ལྡན་སྒྲིག་ལམ་བསྐྱར་གསོ་བྱས་པ་རེད།ཟླ་བ་དང་པོའི་ཚེས25ཉིན།ལིའུ་ཏའོ་ཕིང་གིས་ཟླ་བ་དང་པོའི་ཚེས23ཉིན་གྱི་དོན་རྐྱེན་ནང་ཐོལ་བྱུང་གནས་ཚུལ་ཐག་གཅོད་བྱེད་མཁན་ཉེན་རྟོག་པ་དང་ནུས་ཤུགས་ཡོད་དགུས་བརྟན་བརླིང་འཚོ་སྲུང་ལ་བྱས་རྗེས་འབུལ་བའི་ཤིས་མདོ་གྲོང་རྡལ་སྤྱི་བདེ་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་འཚམས་འདྲི་གནང་སྐབས།ཁོ་ཚོས་ཉེན་ཁ་ཐུག་ཀྱང་སྐྲག་སྣང་མི་སྐྱེ་བ་དང་འཕྲལ་ཐག་འཕྲལ་གཅོད་ཀྱི་བྱ་སྤྱོད་ལ་ཁས་ལེན་གང་ལེགས་གནང་བ་དང་ཁོ་ཚོར་ཡང་འབད་བསྐྱར་འབད་བྱས་ནས་སྤྱི་ཚོགས་བརྟན་བརླིང་སྲུང་འཚོ་བྱེད་པ་དང་།ཧུར་ཐག་གིས་མཆོང་རྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་བྱས་རྗེས་དེ་བས་ཆེན་པོ་འཇོག་དགོས་ཞེས་གསུངས།ལིའུ་ཏའོ་ཕིང་ཡང་དུ་ཟླ་བ་དང་པོའི་ཚེས23ཉིན་གྱི་དོན་རྐྱེན་ནང་གཏོར་བཤིག་ཐེབས་པའི་ཤིས་མདོ་གྲོང་རྡལ་གྱི་ཤིས་མདོ་གྲོང་སྡེ་དང་པོའི་ཡུལ་དམངས་ཀྱི་ཁྱིམ་དུ་ཕྱིན་ནས་འཚམས་འདྲི་གནང་སྐབས།གཏོར་བཤིག་ཐེབས་པའི་སྡོད་ཁང་དང་རླངས་འཁོར་ལ་བལྟས་ནས་སེམས་ཧ་ཅང་མི་བདེ་བ།ཁོང་གིས་སེམས་སྡུག་ཆེན་པོ་བྱེད་བཞིན་པའི་བོད་རིགས་ཨ་མ་རྒན་མོའི་ལག་ལ་འཇུས་ནས་ཁྲིམས་མེད་ལུགས་མེད་ཉུང་ཉུང་ཞིག་གིས་ང་ཚོའི་སྤྱི་ཚོགས་བདེ་འཇགས་མཐུན་སྒྲིལ་གྱི་རྣམ་པ་ཡག་མོ་ཆགས་པར་གཏོར་བཤིག་གཏོང་བའི་རེ་ངན་འཆང་བ་དེ་ནི་གླེན་པའི་སྟོང་བསམ་ཡིན་པས།ང་ཚོས་གཉེར་བཞིན་པའི་བྱ་གཞག་དེ་ནི་དྲང་ལྡན་གྱི་བྱ་གཞག་ཅིག་ཡིན་པས།ཚང་མས་སེམས་ཁྲལ་བྱེད་མི་དགོས་ལ་དངངས་སྐྲ་སྐྱེ་མི་དགོས།ངེས་པར་དུ་ཏང་ཨུ་དང་སྲིད་གཞུང་ལ་ཡིད་ཆེས་བྱས་ནས་སྤྱོད་བཟང་དར་སྤེལ་བཏང་ནས་ཡིད་ཆེས་ཆེན་པོ་བྱེད་པ་དང་།ཏང་ཨུ་དང་སྲིད་གཞུང་ནི་ཁྱེད་རང་ཚོའི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡིན་ཞེས་གསུངས་པ།ཨ་མ་རྒན་མོས་ལིའུ་ཏའོ་ཕིང་གི་ལག་ནས་འཚམས་འདྲི་ཞུ་དངུལ་བླངས་དུས་མིག་ཆུ་མས་གང་ནས་ལིའུ་ཏའོ་ཕིང་གི་ལག་པ་དམ་པོར་བཟུང་སྟེ་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ།ཧྲུའུ་ཅི་ལགས་ཁྱེད་རང་སེམས་བདེ་མོ་གྱིས།ང་ཚོས་ཡུན་ནས་ཡུན་དུ་ཏང་གི་རྗེས་སུ་འབྲངས་ནས་མཐའ་གཅིག་ཏུ་མེས་རྒྱལ་ཁ་བྲལ་རེ་ངན་འཆང་མཁན་ངན་ཅན་དང་འཐབ་རྩོད་བྱ་རྒྱུ་ཡིན།ད་ལྟ་ང་ཚོའི་འཚོ་བ་ཉིན་རེ་བཞིན་ཇེ་ཡག་འགྲོ་བ།ང་ཚོས་ཏང་དང་སྲིད་གཞུང་གིས་དྲང་པོར་ཁྲིད་སྟོན་གནང་འོག་ང་ཚོའི་འཚོ་བ་དེ་བས་ཡག་མོ་རོལ་ཐུབ་རྒྱུར་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའོ་ཚའེ་ཁུན་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཧྲུའུ་ཝུན།དཀར་མཛེས་ཡན་ལག་དམག་ཁུལ་གྱི་དམག་སྤྱི(སི་ལིང་ཡོན)གཞོན་པ་རྡོ་དགའ་ཚེ་རིང་།ཁུལ་དྲག་ཆས་ཡན་ལག་རུ་ཁག་གི་རུ་དཔོན་ཁྲེང་རུང་ཧྭ།ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་ལིའུ་ཏའོ་ཕིང་དང་ལྷན་དུ་འཚམས་འདྲི་ཞུ་སར་འགྲོ་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10