གསེར་ཐར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཟླ་བ་དང་པོའི་ཚེས24ཉིན་གྱི་དོན་རྐྱེན་འཕྲལ་ཐག་བཅད་པ།

ཆོས་འཛིན་གྱིས་བསྒྱུར།        2012-01-30

ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་དགའ་དགའ་སྤྲོ་སྤྲོས་དཔྱིད་གསར་དུས་ཆེན་རོལ་བཞིན་པའི་སྐབས་སུ་གསེར་ཐར་རྫོང་ལ་ཉེན་ཅན་ཉུང་ཤས་ཤིག་ལ་ཕྱི་ཕྱོགས་ཀྱི་ཁ་བྲལ་སྟོབས་ཤུགས་ཀྱིས་མགོ་སྐོར་སླུ་བྲིད་དང་བཀོད་པ་བཏང་ནས་སྒྲིག་འཛུགས་དང་ངན་ཇུས་སྔོན་འགོད།དམིགས་ཡུལ་ཡོད་པ།མང་ཚོགས་ལ་ངན་སྐུལ་དང་མགོ་སྐོར་གཏོང་བ།སྨྱོ་ཧམ་ཆེན་པོས་རྒྱལ་ཁབ་ཀྱི་ལས་ཁུངས་ལ་ཕོག་ཐུག་གཏོང་བ།མང་ཚོགས་ཀྱིས་དགའ་སྤྲོ་ཆེན་པོས་དཔྱིད་གསར་དུས་ཆེན་རོལ་བར་གང་བྱུང་དུ་བཀག་འགོག་བྱེད་པའི་རྡུང་གཅོག་འཕྲོག་གསུམ་གྱི་དྲག་ཤུགས་དོན་རྐྱེན་ཚབས་ཆེན་ཞིག་བུད་པ་རེད།དཔྱིད་གསར་དུས་ཆེན་གྱི་ཚེས2ཉིན་ཉེན་ཅན་ཉུང་ཤས་ཤིག་ལ་ཕྱི་ཕྱོགས་ཀྱི་ཁ་བྲལ་སྟོབས་ཤུགས་ཀྱིས་མགོ་སྐོར་སླུ་བྲིད་དང་བཀོད་པ་བཏང་བས།དབང་ཤེད་ཀྱིས་ཁ་གཅུ་བའི་མང་ཚོགས་བརྒྱ་ལྷག་ཙམ་ཞིག་གསེར་ཐར་རྫོང་གི་གསེར་རྟ་ཐང་ཆེན་གཡས་ཕྱོགས་ཀྱི་ཁྲོམ་ལམ་ཐོག་འདུ་འཛོམས་བྱས་པ་དང་ཁྲིམས་མེད་ལུགས་མེད་ཉུང་ཤོས་ཤིག་གིས་ངོ་ལོག་གི་ཁ་འབོད་བཏང་ཞིངགྱང་ཐོག་ལ་ངོ་ལོག་གི་སྦྱར་ཡིག་བྲིས་པ།ལག་ཏུ་གྲི་དང་རྡོ་སོགས་ཁུར་ནས་རྫོང་གྲོང་ཁུལ་གྱི་སྤྱི་བདེ་མངགས་གཏོང་ཁང་ལ་འཇབ་རྒོལ་བྱས་པ།མི་མང་ནང་གི་ཁྲིམས་མེད་ཉེས་ཅན་གྱིས་མི་དམངས་ཉེན་རྟོག་པར་མེ་མདའ་བརྒྱབ་པ་དང་རྡོ་ལོག་བརྒྱབ་ནས་མི་དམངས་ཉེན་རྟོག་པ14ལ་རྨས་སྐྱོན་ཐེབས་པ།དོན་རྐྱེན་ཇེ་ཆེར་མ་མཆེད་པའི་ཆེད་དུ་རྫོང་བརྟན་བརླིང་འཚོ་སྲུང་བཀོད་འདོམས་པུའུ་ཡིས་ལམ་སང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱ་རྒྱུའི་སྔོན་བཀོད་འཆར་གཞི་ལག་བསྟར་བྱས་ནས་ཁ་ཏ་བསླབ་བྱ་བརྒྱབ་པ་དང་བསད་རྨས་མི་གཏོང་བའི་ཉེན་ཟོན་ཡོ་བྱད་སྤྱད་རུང་མི་ཕན་པ།ཁྲིམས་མེད་ཅན་གྱིས་ད་དུང་ལས་བྱེད་ཉེན་རྟོག་པར་མེ་མདའ་བརྒྱབ་པའི་གནས་ཚུལ་འོག་ཁྲིམས་ལྟར་འཕྲལ་ཐག་འཕྲལ་གཅོད་བྱས་པ།དུས་ཐོག་ཏུ་རྡུང་གཅོག་བྱེད་པའི་འདུ་འཛོམས་མི་སྣར་སྐྲོག་འཐོར་གཏོང་བ།ཕྱི་དྲོའི་ཆུ་ཚོད3དང་སྐར་མ40ལ་མང་ཚོགས་ཚང་མ་འཐོར་སོང་བ།དོན་རྐྱེན་བུད་རྗེས་ཞིང་ཆེན་དང་ཁུལ་གྱི་ལས་སྒྲུབ་ཚོ་ཆུང་གིས་མྱུར་དུ་དོན་རྐྱེན་བུད་སར་ཕྱིན་ནས་ལས་ཀ་ཁྲིད་སྟོན་བྱས་པ།མིག་སྔར་གསེར་ཐར་རྫོང་གྲོང་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་གོ་རིམ་ཡོད་པར་སླར་གསོ་ཐུབ་ཡོད།
  • ལེ་ཚན་སྔོན་མ།:བྲག་འགོ་རྫོང་ལ་རྡུང་གཅོག་འཕྲོག་གསུམ་གྱི་དྲག་ཤུགས་དོན་རྐྱེན་ཚབས་ཆེན་ཞིག་བུད་པ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ས་གནས་ཁག་གིས་དགའ་དགའ་སྤྲོ་སྤྲོའི་ངང་ནས་དཔྱིད་གསར་དུས་ཆེན་རོལ་བ།
  • དོ་སྣང་ཆེ་བའི་རྩོམ།