བྲག་འགོ།ལོ་གསར་གྱི་ཉམས་འགྱུར་གསར་པ།
ཡེ་ཤེས་མགོན་པོ། 2012-02-06
ཟླ་བ་དང་པོའི་ཚེས30ཉིན་ལ་སྨྱུག་འཛིན་པས་བྲག་འགོ་རྫོང་དུ་བཅར་འདྲི་བྱེད་དུ་འགྲོ་བ་ཡིན།ཉིན་དེར་ཏག་ཏག་དཔྱིད་གསར་དུས་ཆེན་གྱི་ཚེས8ཉིན་དང་འཁེལ་བ་རེད།ལོ་གསར་གྱི་དུས་ཚོད་ཕྱེད་ཙམ་ལས་བརྒལ་མེད་མོད།ས་གནས་དེ་གའི་ལས་བྱེད་པ་དང་མི་སེར་ཚོས་ལོ་གསར་གྱི་སྤྲོ་དགའ་ལ་རོལ་བཞིན་དུ་རང་ཉིད་ཀྱི་ལས་ལ་འཇུག་འགོ་ཚུགས་བཞིན་འདུགསྨྱུག་འཛིན་པས་བྲག་འགོ་རྫོང་གི་གྲོང་སྡེའི་ཚོང་རའི་ནང་ལྟད་མོ་ལྟ་ཞོར་དུ་བཅར་འདྲི་བྱེད་སྐབས་མིག་ལམ་དུ་མངོན་རྒྱུ་ནི་ཚོང་རའི་ནང་དུ་རིགས་སྣ་ཚོགས་ཀྱི་ཤིང་ཏོག་དང་སྔོ་ཚལ་སོགས་དང་།ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱིས་རང་འདོད་གང་མོས་ཀྱི་ཤིང་ཏོག་ལ་སོགས་པའི་སྔོ་ཚལ་རིགས་འདེམས་ཉོ་བྱེད་བཞིན་འདུགཤིས་མདོ་གྲོང་རྡལ་ནས་འོངས་པའི་མ་རྒན་ཞིག་གིས་སྔོ་ཚལ་ཚོང་པ་དང་གོངགཏམ་རྗེས་སྤྲོ་སེམས་ཁེངས་པའི་ངང་ནས་བཤད་རྒྱུར།ཁ་སང་དེ་རིང་སྔོ་ཚལ་ཚོང་རའི་ནང་སྔོ་ཚལ་གསར་པ་འདི་འདྲ་འབེལ་པོ་ཞིག་འཚོང་རྒྱུ་ཡོད་པ་ནི་དྲན་རྒྱུ་མེད།རྫོང་གི་གྲོང་མཁར་དུ་ཆུ་ངོགས་ཁྲོམ་ལམ་གྱི་ཚོང་ཁང་ཞིག་གི་མདུན་དུ།མི་རྒན་ཁ་ཤས་ཀྱིས་འཛུམ་དམུལ་གྱིས་ཁེངས་ཤིང་།སྤྲོ་དགའི་ཉམས་འགྱུར་འཛིན་ནས་ཉི་མ་ལྡེ་ཞོར་ཁ་བརྡ་ལབ་བཞིན་མཆིས།མིང་ལ་བཀྲ་ཤིས་ཟེར་བའི་མི་རྒན་ཞིག་གིས་སྨྱུག་འཛིན་པར་བཤད་རྒྱུར།གཞན་ཡུལ་དུ་སློབ་སྦྱོང་བྱེད་བཞིན་པའི་ཚ་བོ་སློབ་གྲྭའི་ནང་ཕྱི་ལོག་སོང་།བུ་དང་བུ་མོ་ཚང་མ་ལས་ཀ་འགོ་ཚུགས་ཡོད།ང་ཚོ་མི་རྒན་ཚོར་ཁོམ་པ་ཡོད་པས་འདིར་ཉི་མ་ལྡེ་ཞོར་ཁ་བརྡ་ལབ་ན་སྐྱིད་པོ་མ་རེད་དམ།དེ་དང་ཆབས་ཅིགརྫོང་དེའི་ལས་ཁུངས་སོ་སོའི་ལས་བཟོ་ཚོས་ཀྱང་རང་རང་སོ་སོའི་ལས་ལ་བྲེལ་བཞིན་འདུགརྫོང་གྲོང་རྡལ་འཛུགས་སྐྲུན་ཅུས་ཀྱི་ལས་སྒྲུབ་མི་སྣ་ཞིག་གིས་བཤད་རྒྱུར།དཔྱིད་གསར་དུས་ཆེན་རོལ་མ་ཐག་ལས་ཀ་ཚང་མ་འགོ་ཡག་པོ་ཚུགས་ནས་ད་ལྟ་རྒྱུན་ལྡན་ངང་ལས་ཀ་སྤེལ་བཞིན་ཡོད།སྙོམས་ཤིང་ཡངས་པའི་ཁྲོམ་ལམ་དུ་གད་སྙིགས་འཕྱག་མཁན་གྱིས་ཐལ་བ་རྡུལ་ཕྲན་ཚང་མ་གཙང་དག་བྱས་པའི་རྣམ་པ་མི་རྣམས་ཀྱི་མིག་ལམ་དུ་སྟོན།རླངས་འཁོར་རྣམས་གྲལ་འགྲིག་པོའི་ངང་ནས་ཁྲོམ་ལམ་གཡས་གཡོན་དུ་བཞགཡུལ་མི་རྣམས་བག་ཕེབས་ངང་ནས་ཁྲོམ་དུ་ཕར་འགྲོ་ཚུར་འོང་བྱེད་བཞིན་ཕན་ཚུན་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་བྱིས་པ་རྣམས་རྩེད་དགའ་རོལ་བཞིན་མཆིས།ཚོང་ཁང་མཐའ་དག་གིས་སྒོ་ཕྱེ་ནས་ཚོང་གཉེར་བྱས་པའི་ཁྲོད་དུ་ས་གནས་དེ་གའི་མི་སེར་ཚོས་འཚོ་བའི་མཁོ་ཆས་ཉོ་བར་བྲེལ་བའི་རྣམ་པ་ག་ས་གར་མཐོང་རྒྱུ་འདུག……།“དཔྱིད་གསར་དུས་ཆེན་སྐབས་སུ་ང་ཚོའི་ཚོང་ཁང་སྒོ་བརྒྱག་མེད།ད་ལྟ་ཚང་མའི་དཔལ་འབྱོར་ཆ་རྐྱེན་ཡག་པས་ཅ་ལག་ཉོ་སའི་དངུལ་འབེལ་པོ་ཡོད་པར་བརྟེན།ཚོང་ཧ་ཅང་བྲིན་པོ་འདུག”ཅེས་རང་འདེམས་ཚོང་ཁང་ཞིག་གི་ཚོང་པས་སྨྱུག་འཛིན་པར་དེ་ལྟར་བཤད།