རང་ཁུལ་གྱི་ས་ཁུལ་ལུང་སྟོང་དུ་འཚོ་གནས་བྱེད་བཞིན་པའི་བོད་རིགས་ཞིང་འབྲོག་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་བདུན་གཅིག་གལ་ཆེའི་གསུང་བཤད་ཀྱི་སྙིང་དོན་ལ་ཤེས་རྟོགས་དང་གོ་བ་ཟབ་མོ་ལོན་ཆེད།དཀར་མཛེས་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དཀོན་མཆོག་རྡོ་རྗེས་སྣེ་ཁྲིད་བྱས་ནས་ཟླ་བ8པའི་ཚེས2ནས་ཚེས9ཉིན་བར།སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིང་ཐའོ་ཡི་བདུན་གཅིག་གི་གལ་ཆེའི་གསུང་བཤད་བཀོད་ཡོད་པའི་དཀར་མཛེས་བོད་ཡིག་ཚགས་པར་དང་ཁམས་པའི་འཛུམ་རིས་དུས་དེབ།ཁམས་པའི་འཛུམ་མདངས་བཅས་འཁྱེར་ནས་ཞིང་འབྲོག་མང་ཚོགས་དྲིལ་བསྒྲགས་ཀློག་འདོན་དང་འགྲེལ་བཤད་བརྒྱག་པ་རེད།
སྡེ་དགེ་རྫོང་མ་ཎི་གད་འགོ་ཤང་གི་ཤུག་གུ་གྲོང་ཚོའི་འབྲོག་པའི་གཞིས་ཆགས་ས་ཚུགས་སུ་འགྲོ་ནས་དཀོན་མཆོག་རྡོ་རྗེ་ལགས་ཀྱིས་ས་དེ་གའི་འབྲོག་དམངས་མི་གྲངས་200ལྷག་ལ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་བདུན་གཅིག་གསུང་བཤད་ཀློག་འདོན་དང་འགྲེལ་བ་རྒྱག་པར་མ་ཟད།ཁམས་པའི་འཛུམ་རིས་དང་ཁམས་པའི་དུས་དེབ།ཁམས་པའི་དྲ་བ་སོགས་ངོ་སྤྲོད་ཁྱབ་བསྒྲགས་བྱས་ཡོད་པ་རེད།ཤུག་གུ་གྲོང་ཚོའི་འབྲོག་པའི་གཞིས་ཆགས་ས་ཚུགས་སུ་དུད་ཚང56གི་མི་གྲངས200ལྷག་ཡོད་པ་རེད།2010ལོར་ཁོ་ཚོས་སྡོད་ཁང་གསར་པར་སྤོས་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་ལ་ད་ལྟ་ཁོ་ཚོར་བདུན་གཅིག་གི་གསུང་བཤད་ཀྱི་སྙིང་དོན་ཀློག་འདོན་དང་འགྲེལ་བཤད་ཉན་འཇོག་བྱས་རྗེས།ཁོ་ཚོས་བདུན་གཅིག་གི་གསུང་བཤད་ཀྱི་སྙིང་དོན་ལ་ཤེས་རྟོགས་དང་གོ་བ་གཏིང་གཟབ་བླང་ཐུབ་ཡོད་པ་རེད།
དྲིལ་བསྒྲགས་སྒྲོག་སྦྱོང་པའི་གོ་རིམ་ནང་རྟའུ་རྫོང་ལྷ་རི་སྡེ་བ་དང་བྲག་འགོ་རྫོང་གཙང་ཐ་ཤང་།དཀར་མཛེས་རྫོང་ཤར་ཕྱོགས་ཤང་།སྡེ་དགེ་རྫོང་མ་ཎི་གད་འགོ་ཤང་དང་སྨན་ཤོད་ས་ཁུལ།གསེར་ཐར་ཧོར་ཤུལ་ཤང་སོགས་ཀྱི་འབྲོག་པའི་གཞིས་ཆགས་ས་ཚུགས་དང་ཞིང་དུད་ཁྱིམ་ཚང་།འབྲོག་པའི་སྦྲ་གུར་སོགས་སུ་འགྲོ་ནས་ཧུའུ་ཅིན་ཐའོ་ཡི་བདུན་གཅིག་གཏམ་བཤད་ཀྱི་སྙིང་དོན་ཀློག་འདོན་དང་འགྲེལ་བཤད་རྒྱག་པའི་དུས་མཚུངས་སུ།ཁམས་པའི་འཛུམ་རིས་དང་ཁམས་པའི་འཛུམ་མདངས་ཀྱི་དུས་དེབ་དང་ཚགས་པར་འགྲེམ་གཏོང་ངོ་སྤྲོད་བྱས་པར་མ་ཟད་ཁམས་པའི་དྲ་བའི་སྤྱོད་སྟངས་སྐོར་ལ་ཡང་སློབ་སྟོན་བྱས་ཡོད་པ་རེད།
བྲག་འགོ་རྫོང་གཙང་ཐ་ཤང་གི་འབྲོག་པའི་མང་ཚོགས་ཚོས་ཚགས་པར་དང་དུས་དེབ་འགྲེམ་གཏོང་བྱེད་པ་ཐོས་འཕྲལ་དུ་ཚང་མས་ལག་གི་ལས་མཚམས་འཇོག་ནས་རང་མོས་ངང་འགྲེམ་གཏོང་བྱེད་པའི་ཕྱོགས་སུ་ཡོང་གི་འདུགཚགས་པར་དང་དུས་དེབ་སོགས་འགྲེམས་གཏོང་བྱས་རྗེས་ཁོ་ཚོས་ཚང་མས་ལ་ལས་ལག་ཏུ་ཚགས་པར་བཟུང་བ་དང་ལ་ལས་དུས་དེབ་བཟུང་ནས་ནང་དོན་དང་པར་རིས་ལ་ཞིབ་མོ་ལྟ་བ་དང་ཆབས་ཅིགགྲོང་སྡེའི་ཏང་ཀྲི་པུའུ་ཧྲུ་ཅི་དབང་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར།གཙང་ཐ་ཤང་ནས་བྲག་འགོ་རྫོང་མཁར་བར་སྤྱི་ལེ50ཙམ་རྒྱང་བ་ཡིན་པས་སྔར་སློབ་གྲྭ་དང་གང་ཅིའི་ཐད་དུ་ཅུང་དཀའ་ཁག་ཡོད་ཀྱང་ད་ལྟ་ཤང་ཡོངས་ཀྱི་སློབ་ལོར་སོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་བརྒྱ་ཆ་95ཙམ་ལ་སླེབས་པ་རེད།ས་གནས་དེ་གའི་མང་ཚོགས་རྣམས་བོད་ཡིག་ལ་དགའ་ཞེན་ཡོད་པས་རང་མོས་ཀྱིས་སློབ་སྦྱོང་བྱས་ནས་ད་ལྟ་ང་ཚོའི་གྲོང་ཚོའི་མི་སེར་བརྒྱ་ཆ80ཡི་བོད་ཤེས་པ་རེད།ཡིན་ནའང་ཚགས་པར་དང་དུས་དེབ་སོགས་དཔེ་ཆ་གང་ཡང་མེད་པས་གནས་ཚུལ་འདི་བོད་ཡིག་ལ་ལྟ་འདོད་ཡོད་མཁན་དང་དགའ་ཞེན་ཡོད་པའི་མང་ཚོགས་ལ་མཚོན་ན་ཧ་ཅང་གི་སྐྱོན་ཆ་ཆེན་པོ་ཞིག་རེད་འདུགཐེངས་འདིར་དཀར་མཛེས་ཚགས་པར་ཁང་གི་ང་ཚོར་རིན་པ་མི་དགོས་པར་ཚགས་པར་དང་དུས་དེབ་འགྲེམ་གཏོང་བྱས་པར་ངས་གྲོང་མི་ཡོངས་ཀྱི་ཚབ་བྱས་ནས་བཀའ་དྲིན་ཆེ་ཞུས་རྒྱུ་ཡིན་ལ་མ་འོངས་པར་ད་དུང་བོད་ཡིག་ཚགས་པར་དང་དུས་དེབ་སོགས་བོད་ཡིག་གི་ཡིག་ཆ་གནང་རྒྱུའི་རེ་བ་ཤིན་ཏུ་ཆེ།ཁོས་མུ་མཐུད་ནས་བཤད་རྒྱུར།ང་ཚོའི་ཤང་འདིར་ད་དུང་ཆོས་ཉིད་དོན་རྟོགས་ཟེར་བའི་མི་ཞིག་ཡོད།ཁོང་ནི་བོད་ཡིག་ལ་དགའ་ཞེན་ཆེ་བའི་མི་ཞིག་ཡིན་པས་ད་ལྟ་ཁོང་གིས་གཙང་ཐ་ཤང་གྲོང་སྡེ་ཆེན་པོ་བཞིའི་ལོ་60མན་ཆས་ཀྱི་མང་ཚོགས་རྣམས་ལ་རང་ཉིད་ཀྱི་ཁྱིམ་དུ་འཛིན་གྲྭ་བཙུགས་ནས་གླ་ཆ་གང་ཡང་མེད་པ་བོད་ཡིག་སློབ་ཁྲིད་བྱེད་བཞིན་ཡོད་པ་རེད།
དཀར་མཛེས་ཚགས་པར་ཁང་གིས་ཚགས་པར་2000ལྷག་དང་དུས་དེབ་300ལྷག་ཞིང་འབྲོག་ས་ཁུལ་དུ་འགྲེམ་གཏོང་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་བདུན་གཅིག་གི་གལ་ཆེའི་གསུང་བཤད་ཁྱབ་བསྒྲགས་བྱས་པ་རེད།

