མདོ་ཁམས་མི་ཉག་ཡུལ་གྱི་མགར་ཐར་རྟ་རྒྱུག་འགྲན་བསྡུར་ཆེན་མོ་ཞེས་པ་དེ་ནི་མགར་ཐར་དགོན་ཆེན་གྱིས་ཐུགས་ཁུར་དང་རྩ་འཛུགས་ཀྱི་འོག་ཏུ་མདོ་ཁམས་མི་ཉག་ཡུལ་གྱི་མགར་ཐར་བྱམས་པ་གླིང་དུ་སྤྱི་ལོ་༢༠༠༧ལོར་དངོས་སུ་དབུ་བརྙེས་ཤིང་།དེར་བོད་ཀྱི་ལྷ་མོ་ཟློས་གར་ཨ་ཅེ་ལྷ་མོ་སོགས་སྲོལ་རྒྱུན་ཟློས་གར་སྐོར་དང་།དེང་རབས་གླུ་དབྱངས་བྲོ་གཞས།རྟ་མཆོག་གིས་འགྲོས་དང་བང་གཤིབས་པ་དང་།ས་ནས་དར་ལེན་པ་སོགས་རིག་རྩལ་རྩེད་རིགས་སྐོར་ཀྱི་རྣམ་གྲངས་རིགས་མང་པོ་འདུས་ཏེ་ད་ལྟའི་བར་བགྲང་བྱ་ལྔའི་ལོ་རྒྱུས་བརྒྱུད་རིམ་ལས་མགར་ཐར་ཡུལ་གྱི་དམངས་ཁྲོད་རིག་གནས་སྔོགས་འདོན་དང་དར་སྤེལ་ལ་བྱས་རྗེས་བླ་ན་མེད་པ་བཞག་ཡོད་པ་རེད།
ཐེངས་འདིའི་མགར་ཐར་རྟ་རྒྱུག་འགྲན་བསྡུར་ཆེན་མོ་ཐེངས་ལྔ་པ་ལས་རྒྱུག་རྟའི་མགྱོགས་པའི་བང་ཁ་གཤིབས་པའི་འགྲན་བསྡུར་དེ་ནི་སྤྱི་ཟླ་བརྒྱད་པའི་ཚེས་གསུམ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་པར་དངོས་སུ་མགོ་བརྩམས་ཤིང་།ཐེངས་འདིའི་འགྲན་བསྡུར་དུ་ཞུགས་པའི་རྒྱུག་རྟ་ནི་ཤར་རྒྱུ་ལ་ཕྲ་མོ་ཡན་དང་རྟའུ་དམུ་རྗེ་ཉག་གའི་མན་གྱི་རྒྱུག་རྟ་བཟང་གྲས་བཞི་བཅུ་ལྷག་འདུས་ཏེ་སྤྱི་ལེ་བཅུ་གཅིག་ལྷག་གི་ལམ་ཐག་རིང་ཚད་ལ་མགྱོགས་པའི་བང་ཁ་གཤིབས་པ་ཤིང་།མཐར་རྟ་མཆོག་བཅུ་གསུམ་ལ་མགྱོགས་པའི་བྱ་དགའ་ཐོབ་པ་རེད།
སྐྱབས་རྗེ་འཇིགས་མེད་རྣམ་རྒྱལ་མཆོག་ནས་བྱ་དགའ་ཐོབ་པའི་རྟ་མཆོག་རེ་རེ་བཞིན་སྤྱི་བསྒྲགས་གནངས་ཤིང་བྱ་དགའ་གནངས་བ་དང་།ཨང་དང་པོའི་རྟ་མཆོག་ལ་འཕྲུལ་རྟ་གསར་བ་སྒོར་མོ་ལྔ་སྟོང་ལྷག་གི་རིན་ཞིག་དང་།མི་དམངས་དངུལ་སྒོར་ལྔ་སྟོང་ཙམ་གནངས་བ་རེད།དེ་ནས་རིམ་པ་བཞིན་འཕྲུལ་རྟ་དང་མི་དམངས་དངུལ་སྒོར་སོགས་ཀྱི་བྱ་དགའ་གནངས་ཤིང་།ཐེངས་འདིའི་རྟ་རྒྱུག་འགྲན་བསྡུར་ལ་ཁྱོན་ཡོངས་ནས་ཕྱོགས་བསྡོམས་མཛད་དེ་མ་འོངས་པར་ཇེ་རྒྱས་ཇེ་བཟང་གིས་རྟ་རྒྱུག་གི་རྣམ་པ་འཐུས་ཚང་དུ་གཏོང་དགོས་པའི་བསླབ་བྱ་གནང་བ་རེད།

མགྱོགས་པའི་བང་ཁ་གཤིབ་བཞིན་པའི་ཡུལ་དངོས།

མགྱོགས་དར་ཐོབ་པའི་རྟ་མཆོག

མགྱོགས་པའི་རྟ་མཆོག་ལ་བྱ་དགའ་སྤྲོད་བཞིན་པའི་ཡུལ་དངོས།