དཀར་མཛེས་རྫོང་གི་གཞིས་ཆགས་འབྲོག་པས་སྤྲོ་སེམས་ཁེངས་ནས་བོད་ཀྱི་ལོ་གསར་རོལ།
ངེད་གསར་འགྱུར་ཐོ་འགོད་པ་ཡེ་མགོན་གྱིས་བྲིས། 2011-03-08
ཟླ་བ3པའི་ཚེས5ཉིན་ནི་བོད་ལོ་གསར་གྱི་ཚེས་གཅིག་ཉིན་ལ་འཁེལ་ཞིང་།སྨྱུག་འཛིན་པས་ཁ་པར་ཐོག་ནས་དཀར་མཛེས་རྫོང་ཚྭ་ལུང་ཤང་ཚྭ་ལུང་གྲོང་ཚོ་དང་པོའི་ཏང་ཀྲི་པུའུ་ཧྲུའུ་ཅི་མགོན་དགའ་ལ་ལོ་གསར་འཚམས་འདྲི་ཞུས་པ་དང་ཆབས་ཅིག ལོ་གསར་སྐོར་གྱི་གནས་ཚུལ་ཐད་བཅར་འདྲི་བྱས་པ་ཡིན།
ད་ལོར་ལོ་ན62ལ་སོན་པའི་ཚྭ་ལུང་གྲོང་ཚོ་དང་པོའི་གྲོང་དམངས་ཚེ་པོས་ཁ་པར་ཐོག་ནས“ད་ལོའི་ལོ་གསར་སྔོན་དུ་གྲོང་དམངས་ཕལ་ཆེ་ཤོས་སྡོད་ཁང་གསར་པའི་ནང་སྤོ་ཐུབ་ཡོད།ཚང་མས་ལོ་གསར་གྱི་བཟའ་བཅའ་འབེལ་པོ་ཉོས་ནས་མགྲོན་སྐོར་བྱེད་རྒྱུའི་གྲ་སྒྲིག་བྱས་ཡོད།ད་ལོར་སྔོན་གྱི་སྲོལ་རྒྱུན་བསྒྱུར་ནས་ལོ་གསར་ཚེས་གཅིག་ཉིན་ནས་མགྲོན་སྐོར་བྱེད་པ་ཡིན།དེ་རིང་ངེད་ཚང་ལ་འཁེལ་པས་ཉིན་འདི་ཁ་ཤས་རིང་ལ་སྣེ་ལེན་གྲ་སྒྲིག་ལ་བྲེལ་བཞིན་ཡོད་མོད། འོན་ཀྱང་སེམས་ནང་ཧ་ཅང་དགའ་པོ་འདུག”ཅེས་སྨྱུག་འཛིན་པར་ཡི་རང་བའི་ངང་ནས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན།2008ལོ་ནས་བཟུང་སི་ཁྲོན་ཞིང་ཆེན་དང་དཀར་མཛེས་ཁུལ།དཀར་མཛེས་རྫོང་བཅས་རིམ་པ་སོ་སོས་འབྲོག་པའི་གཞིས་ཆགས་བྱ་སྤྱོད་འཆར་གཞིའི་བཀོད་སྒྲིག་ལྟར།དཀར་མཛེས་རྫོང་ཚྭ་ལུང་ཤང་ཚྭ་ལུང་གྲོང་ཚོ་དང་པོས་འཆར་གཞི་ལྡན་ལ་གོ་རིམ་ཡོད་པ་དང་།མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་གསལ་ཆ་ཡོད་པའི་སྡོད་ཁང་གསར་པ་འཛུགས་སྐྲུན་བྱས་ཡོད་པ་རེད།གྲོང་ཚོ་ཚངམར་ཐར་བའི་གཞུང་ལམ་བསྐྲུན་པ་དང་།གཙང་ཞིང་དྭངས་བའི་རང་འབབ་ཆུ་དུད་ཚང་སོ་སོའི་ཐབ་ཀ་ཐོག་འཁྲིད་ཡོད་པར་བརྟེན་འབྲོག་དམངས་ཚོའི་འདུག་སྡོད་འགྲོ་གསུམ་ཐད་ཀྱི་ཆ་རྐྱེན་གནམ་ས་བླ་འོག་སྒྱུར་བའི་འགྱུར་ལྡོག་བྱུང་བ་རེད།
སྨྱུག་འཛིན་པས་མགོན་དགའ་དང་ཁ་པར་ཐོག་ནས་ཁ་བརྡ་ལབ་བཞིན་པའི་སྐབས་སུ།“འབྲོག་པའི་གཞིས་ཆགས་སྡོད་ཁང་བསྐྲུན་རྗེས་སྡོད་ཁང་ནང་འབོལ་གདན་བཏིང་རྒྱུ་ཡོད་ལ་བཪྙན་འཕྲིན་ལྟ་རྒྱུའང་ཡོད་ཅིང་། ནད་ལྟ་ནའང་སྨན་རིན་རྒྱལ་ཁབ་ལ་རྩིས་ཐོ་ཞུས་ཆོག་པ་རེད།གྲོང་ཚོའི་ནང་ད་དུང་སྨན་བཅོས་ཁང་དང་སློབ་གྲྭ ཚོང་ཁ་བཅས་ཡོད་པས་སྔོན་ཆད་དང་བསྡུར་ནས་ཧ་ཅང་སྟབས་བདེ་པོ་རེད།ང་ཚོས་བདེ་བླགས་ངང་ནས་སྡོད་ཁང་གསར་པའི་ནང་སྤོས་ནས་སྡོད་ཁང་གསར་པའི་ནང་ལོ་གསར་གཏོང་རྒྱུ་ལོན་པ་ནི་གུང་ཁྲན་ཏང་གིས་ང་ཚོར་སྟེར་བའི་བདེ་དྲོད་རེད”ཅེས་གྲོང་དམངས་ཚེ་པོའི་བཟའ་ཟླ་ཡིས་སྨྱུག་འཛིན་པར་སེམས་འགུལ་ཐེབས་པའི་ངང་ནས་ལྷུག་བརྗོད་བྱས་པའི་སྐད་ཆ་དུམ་བུ་ཞིག་རེད།