རང་ཁུལ་གྱི་འགྲིམ་འགྲུལ་གྱི་ཨར་ལས་ཆེན་པོ་གཉིས་ད་ལོར་སྒོ་ཀུན་ནས་སྤེལ་འགོ་ཚུགས་རྒྱུ།
གངས་སྐྱིད་ཀྱིས་བསྒྱུར། 2011-02-24
ཟླ་བ2པའི་ཚེས18ཉིན་ཁུལ་སྲིད་གཞུང་གིས་སི་ཁྲོན་མྱུར་བགྲོད་གཞུང་ལམ་ཀུང་སི་དང་མཉམ་དུ་ཁྲེང་ཏུའུ་རུ་དཀར་མཛེས་ཁུལ་ཁོངས་སུ་བརྒྱུད་པའི་རྒྱལ་སྲུང་གཞུང་ལམ317བསྐྱར་འཛུགས་དང་རྒྱས་སྐྲུན་གྱི་ཨར་ལས་དང་།ཁྲོ་ལ་རི་བོའི་ཕུག་ལམ་ཨར་ལས་གཉིས་བསྐྲུན་རྒྱུའི་གྲོས་མཐུན་ཡི་གེ་འགོད་པའི་མཛད་སྒོ་སྤེལ་བ།གྲོས་མཐུན་ལ་གཞིགས་ན།ཨར་ལས་ཆེན་པོ་གཉིས་དེ་ད་ལོར་ལས་འགོ་ཚུགས་ནས2014ལོར་ལེགས་འགྲུབ་བྱུང་བར་སྔོན་རྩིས་བྱེད་ཐུབ་པ་རེད།
དཀར་མཛེས་ཁུལ་ཀྱི་ཁོངས་སུ་བརྒྱུད་པའི་རྒྱལ་སྲུང་གཞུང་ལམ317བསྐྱར་འཛུགས་དང་རྒྱས་སྐྲུན་བྱ་རྒྱུའི་ལམ་བུ་ནི་རྔ་པ་ཁུལ་དང་དཀར་མཛེས་ཁུལ་གཉིས་ཀྱི་ས་སྣ་འབྲེལ་བའི་མགོ་ལོག་ཐོག་ནས་ལས་འགོ་ཚུགས་ཏེ་གསེར་ཐར་དང་།བྲག་འགོདཀར་མཛེས།སྡེ་དགེ་བཅས་རྫོང་ཁག་བཞིར་བརྒྱུད་དེ་སི་ཁྲོན་ཞིང་ཆེན་དང་བོད་ལྗོངས་གཉིས་ཀྱི་ས་སྣེ་འབྲེལ་སའི་སྐམ་ཐོག་ཟམ་ཆེན་བར་ལས་རྒྱུ་རེད།མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར60.2བཏང་ནས་བསྐྱར་འཛུགས་དང་རྒྱས་སྐྲུན་བྱ་རྒྱུའི་ལམ་བུ་དེའི་ཧྲིལ་པོའི་ལམ་ཚད་ནི་སྤྱི་ལེ་374.464ཡོད་པ་དང་།རིམ་པ་གཉིས་ཀྱི་གཞུང་ལམ་གྱི་དམིགས་ཚད་ལྟར་བསྐྱར་བསྐྲུན་བྱ་རྒྱུ་རེད།ལམ་བུ་དེ་ལས་ཚར་རྗེས་ཆུ་ཚོད་རེ་སྤྱི་ལེ40ནས60བར་རླངས་འཁོར་གཏོང་ཐུབ་རྒྱུ་རེད།
ཁྲོ་ལ་རི་བོའི་ཕུག་ལམ་ནི་རྒྱལ་སྲུང་གཞུང་ལམ་དཀར་མཛེས་རྫོང་དང་སྡེ་དགེ་རྫོང་གི་སྐམ་ཐོག་བར་བརྒྱུད་པའི་ལམ་བུ་ལས་རྒྱུ་རེད།མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར11.2བཏང་ནས་ལས་རྒྱུའི་ཕུག་ལམ་ཧྲིལ་པོའི་རིང་ཚད་ནི་སྤྱི་ལེ12ཡོད་ཅིང་།སྔོན་མ་རླངས་འཁོར་ཆུ་ཚོད་གཉིས་གཏོང་དགོས་པའི་ལམ་ཚད་དེ་ཕུག་ལམ་ལས་ཚར་རྗེས་སྐར་མ10ཐོག་ཁྲོ་ལ་རི་བོ་བརྒྱུད་ཐུབ་རྒྱུ་རེད།