ལོ་གསར་བཤམས་མཆོད་ཀྱི་འགྱུར་བ་ལས་ཕ་ཡུལ་གྱི་འགྱུར་ལྡོག་ལྟ་བ།

ཡེ་མིང་དང་ཐུབ་བསྟན་གྱིས།        2011-02-24

ལོ་གསར་བཤམས་མཆོད་ཀྱི་འགྱུར་བ་ལས་ཕ་ཡུལ་གྱི་འགྱུར་ལྡོག་ལྟ་བ།

 ད་ལོའི་དཔྱིད་གསར་དུས་ཆེན་སྐབས་སུ་སྨྱུག་འཛིན་པས་ཆེད་དུ་དར་མདོ་རྫོང་ལྕགས་གད་ཤང་དང་འབའ་ཐང་རྫོང་རྫོང་རྩ་ཤང་དུ་གཉེན་ཉེར་གཏུག་ཞོར་ས་གནས་དེ་གའི་མི་སེར་ཚོར་བཅར་འདྲི་བྱས་པ་ཡིན།
     བཅར་འདྲི་བྱེད་པའི་ཁྲོད་དུ་སྨྱུག་འཛིན་པའི་མཐོང་ཐོས་སུ་གྱུར་པའི་རྣམ་པ་ནི་སྔོན་ཆད་ཀྱི་དུས་དང་བསྡུར་ན་གནམ་ས་བླ་འོག་ཏུ་གྱུར་པའི་ཆོས་ཉིད་ཆགས་དང་ཆགས་བཞིན་པ་རེད།སྨྱུག་འཛིན་པས་ལྕགས་གད་ཤང་རི་ངོས་གྲོང་སྡེའི་ཞིང་པ་རྒྱ་མར་བཅར་འདྲི་བྱེད་སྐབས་བཤད་རྒྱུར།“ད་ལོར་ང་རང་ལོ་ན65ལ་སོན་ཡོད།ཏང་དང་རྒྱལ་ཁབ་ཀྱི་ཕྱུག་འགྱུར་སྲིད་ཇུས་ཀྱི་བཀའ་དྲིན་འོགགཞུང་ལམ་སྒོ་ཁར་ཐར་བ་དང་།ཐག་རིང་གི་གཉེན་རིགས་དང་གྲོགས་པོར་འཚམས་འདྲི་ཞུས་པའི་སྐབས་སུ་ཁ་པར་ཐོག་ནས་འཚམས་འདྲི་ཞུས་ཆོག་གིན་རེད།བུ་རྒྱུད་ཚོ་སློབ་ཡོན་སྤྲད་མི་དགོས་པ་སློབ་གྲྭའི་ནང་རིག་གནས་སྦྱོང་བའི་གོ་སྐབས་ཪྙེད་པས་མ་ཚད།ད་དུང་ཁྱིམ་དུ་བསྡད་ནས་བཪྙན་འཕྲིན་ལྟ་དུས་རྒྱལ་ཁབ་སོ་སོའི་རྩེད་མོ་སྣ་ཚོགས་མིག་གི་བདུད་རྩིར་གྱུར་དང་འགྱུར་བཞིན་ཡོད་རེད།ང་རང་ཆུང་དུས་སུ་གནས་ཚུལ་དེ་དག་ནི་དྲན་རྒྱུ་མ་ཟད་མཚན་རྨི་ལམ་ནང་དུའང་རྨིས་མ་མྱོང་།ངས་སེམས་གཏིང་ནས་ལོ་ཆུང་ཚོས་དེང་གི་དུས་ཚོད་བཟང་པོར་གཅེས་སྤྲད་བྱས་ནས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་རྒྱུའི་རེ་བ་ཡོད།”འདི་ནི་རྒྱ་མའི་ཡི་རང་བའི་ངང་ནས་སྨྱུག་འཛིན་པར་ཁ་བརྡ་ལབ་བཞིན་དུ་བཤད་པའི་སྐད་ཆ་དུམ་བུ་ཞིག་རེད།ཁོ་ཚང་གི་ལྕོག་ཙེ་ཐོག་བཤམས་མཆོད་བྱེད་པའི་བཟའ་བཏུང་རིགས་རྣམས་གཙང་ཞིང་སྤུས་ཀ་བཟང་བ།མཛེས་ཞིང་གྲངས་ཀ་མང་བ།སྡེར་ཁ་སྒྲིག་སྟངས་གྲལ་འགྲིག་པོ་ཐོག་ནས་ཁོ་ཚང་གི་དཔལ་འབྱོར་ཡོང་འབབ་ཉིད་སྨྱུག་འཛིན་པར་རང་ཤུགས་སུ་བརྗོད་པ་དང་གཉིས་སུ་མ་མཆིས།
     རང་རེའི་རྒྱལ་ཁབ་སྟོབས་ཤུགས་ཇེ་རྒྱས་སུ་ཕྱིན་པ་དང་བསྟུན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་བྱུང་ནས་མི་དམངས་ཀྱི་འཚོ་བ་ཡར་ངོའི་ཟླ་བཞིན་བདེ་ལྡན་དུ་སོང་བས་ལོ་གསར་གྱི་བཤམས་མཆོད་ཀྱང་ལོ་རེ་བཞིན་ཕུན་སུམ་ཇེ་ཚོགས་ནས་ཇེ་ཚོགས་སུ་འགྲོ་བཞིན་ཡོད་པ་རེད།ལོ་གསར་སྐབས་སུ་སྨྱུག་འཛིན་པས་འབའ་ཐང་རྫོང་རྫོང་རྩ་ཤང་གི་ཞིང་པ་རྨོ་མོ་ལྷ་སྒྲོན་ཚང་གི་ཁྱིམ་དུ་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་རུ་འགྲོ་དུས་རྨོ་མོ་ལྷ་སྒྲོན་གྱིས་འཛུམ་དམུལ་དམུལ་ངང་ནས་སྨྱུག་འཛིན་པ་ལ་ཕྱེ་མར་སྤྲོད་ཅིང་ཆང་བླུག་ཞོར་ཁ་ཟས་ཀྱི་སྡེར་ཁ་མང་པོ་སྒྲིག་བྱུང་།ཁ་བརྡ་ལབ་བཞིན་ལོ་གསར་གྱི་བཤམས་མཆོད་ཐོག་ཏུ་མ་བགྲོས་རང་མཐུན་དུ་བྱུང་བས་རྨོ་མོ་ལྷ་སྒྲོན་ལགས་ཀྱིས་མཆོད་བཤམས་ཐོག་ཚར་དུ་དངར་བའི་བཤམས་མཆོད་རྣམས་ལ་མཛུབ་མོ་བཙུགས་ཏེ་འདིའི་ཕྱོགས་ནི་སྲོལ་རྒྱུན་གྱི་བཤམས་མཆོད་དཀར་གསུམ་མངར་གསུམ་དང་།ཕྱེ་མར་ཕུལ་མར་གྱི་རིགས་ཡིན་ཞིང་འདིའི་ཕྱོགས་ནི་དེང་སང་གསར་བྱུང་གི་སིལ་ཏོག་དང་སིལ་ཟས་ཀྱི་རིགས་རྣམས་རེད།ད་ལོར་སྣ་ཁ་བཅོ་ལྔ་ཙམ་མ་གཏོགས་བཤམས་ཐུབ་མ་སོང་བས་ཕུན་སུམ་ཚོགས་པོ་དེ་ཙམ་བྱུང་མ་སོང་།འོན་ཀྱང་སྔོན་གྲོན་ཆུང་གཏོང་བའི་དུས་ཚོད་དང་བསྡུར་ན་མི་ལུས་དང་ལྷ་ལུས་འདྲ་ཞིང་སྐབས་དེའི་དུས་ནི་ཕྱི་རྒྱབ་གོས་མི་དྲོ་བ་དང་ནང་ལྟོ་ཟས་མི་འདང་བའི་དུས་ཡིན་པས་བཤམས་མཆོད་བྱེད་ཡས་ཀྱི་དངོས་པོ་ཞིག་མཐོང་ག་ལ་ཐུབ།ད་ལྟ་ཟས་ལྷག་མ་ཡོད་ན་ཁྱི་ཕོར་དང་གོས་ལྷན་པ་ཅན་གྱོན་ན་སྤྲང་པོའི་གྲས་སུ་བཞག་གི་ཡོད་པ་དང་།བཤམས་མཆོད་བྱེད་ཡས་ཀྱི་དངོས་པོ་ཡང་མིག་གིས་མཐོང་མ་མྱོང་ཞིང་ཡུལ་དུ་མ་དར་བའི་བཟའ་བཅའི་རིགས་རྣམས་ཆེ་ཉམས་འདོན་ཆེད་དུ་བཤམས་གང་ཐུབ་བྱས་པས་མ་ཚད་རྣམ་གྲངས་སུ་མང་དང་བཟོ་བཀོད་སུ་མཛེས་ཀྱི་འགྲན་རྩོད་བྱེད་ཀྱི་ཡོད་པ་རེད།ལྷ་ཡུལ་གྱི་འཚོ་བ་ནི་ཧ་ཅང་སྐྱིད་པོ་ཡིན་རབས་བཤད་ཀྱང་ང་རང་གིས་ད་ལྟའི་རང་རེའི་འཚོ་བ་འདི་ལས་ལྷག་པ་ཞིག་ཨེ་ཡོད་སྙམ་གྱི་ཡོད།འདི་དག་ཐམས་ཅད་ནི་རང་རེའི་རྒྱལ་ཁབ་སྟོབས་འབྱོར་ལྡན་པའི་ཐོག་ཡང་དག་པའི་སྲིད་ཇུས་ཁོ་ནའི་དྲིན་ཡིན་པ་རེད་ཅེས་དགའ་སྤྲོས་ཁེངས་པའི་གསུང་དབྱངས་བདེ་དྲོད་འཁོལ་བའི་ཁང་ཁྱིམ་འདིའི་བར་སྣང་ཀུན་ཏུ་ཁྱབ་སོང་།
     རེད་ཡ།ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་རང་རེའི་ཏང་དང་རྒྱལ་ཁབ་ཀྱིས་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་བཏོན་པས་མི་དམངས་ཀྱི་འཚོ་བ་ཉིན་བཞིན་གོང་འཕེལ་དུ་སོང་ཡོད།ང་ཚོས་ཆེ་ས་ནས་མི་རྣམས་ཀྱི་སྡོད་ཁང་དང་།བཟའ་རྒྱུ།བཏུང་རྒྱུ།གོན་རྒྱུ།རྒྱན་ཆ་གདགས་རྒྱུ།འགྲོ་ལམ།འགྲུལ་བཞུད་བྱེད་སྟངས།ཐ་ན་དགའ་སྟོན་རྩེད་མོ་བྱེད་ལུགས་སོགས་ཀྱི་ཐད་ལ་སྔ་ན་མེད་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་སྨོས་ག་ལ་དགོས་ཏེ།ཆུང་ས་ནས་ལོ་རེའི་ལོ་གསར་གྱི་བཤམས་མཆོད་ཀྱི་འཕོ་འགྱུར་ཁོ་ན་ལས་ཞིང་འབྲོག་མི་སེར་ཚོའི་རླབས་ཆེན་འགྱུར་ལྡོག་མཚོན་དང་མཚོན་བཞིན་ཡོད་པ་རེད།རྣམ་པ་དེའི་ཐོག་ནས་ད་ལྟ་ང་ཚོ་ནི་ཡ་རབས་བདེ་ལྡན་གྱི་འཆམ་མཐུན་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གི་ནང་དུ་འཚོ་བ་བྱེད་བཞིན་ཡོད་པ་དངོས་སུ་མྱོང་ཚོར་བྱེད་ཐུབ་ཅིང་སྐྱིད་ཉི་མ་འཆར་འདྲ་ཞེས་ཟེར་བའི་དཔེ་ཡོད་ཡོད་པ་ཡང་ད་ལྟའི་དུས་ལ་བཞག་ན་ཧ་ཅང་འཚམ་པོ་ཞིག་མ་རེད་དམ།
  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་གིས༢༠༡༡ལོའི་ལོ་སར་དགའ་སྟོན་དུ་རྒྱལ་གཅེས་གླུ་དབྱངས་འགྲན་བསྡུར་བྱེད་སྒོ་སྤེལ་བ་རེད།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་འགྲིམ་འགྲུལ་གྱི་ཨར་ལས་ཆེན་པོ་གཉིས་ད་ལོར་སྒོ་ཀུན་ནས་སྤེལ་འགོ་ཚུགས་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།