ཁམས་མི་ཉག་ལྕགས་གད་ཡུལ་གྱི་མི་དམངས་ཚོས་དགའ་དགའ་སྤྲོ་སྤྲོས་ཡོས་ལོ་བསུ།

་ཀུན་དགས་བྲིས།        2011-02-24

 ཟླ་བ་དང་པོའི་ཚེས25ཉིན།སྨྱུག་འཛིན་པས་རླང་འཁོར་རུ་བསྡད་ནས་ཕ་ཡུལ་ལྕགས་གད་དུ་ཁྱིམ་མི་ལྷན་རྒྱས་ལ་འཚམས་འདྲི་བྱེད་ས་དང་ཆབས་ཅིག་ཏུ་ལོ་གསར་གཏོང་ས་སོང་བ་ཡིན།ཡངས་ཤིང་རྒྱ་ཆེའི་གཞུང་ལམ་གྱི་ཐོག་ཏུ་རླང་འཁོར་བྱ་འཕུར་བ་ལྟར་རྒྱུགས་པས་ཆུ་ཚོད་གཅིག་ཕྱེད་ཙམ་གྱི་རིང་ལ་དར་མདོ་ནས་ཕ་ཡུལ་ལྕགས་གད་དུ་སླེབས་ཟིན་པ་ཡིན།
     ཕ་ཡུལ་དུ་ལོག་རྗེས་ངའི་སེམས་སུ་སྔར་དང་འདྲ་མིན་གྱི་ཚོར་སྣང་ཟབ་མོ་ཞིག་སྐྱེད་བྱུང་།གང་རེད་ཅེས་ན།སྔར་ཕ་ཡུལ་ཁྲ་འགོ་གླིང་གི་ས་ཆ་རུ་ཁང་པ་ཉུང་ཤས་ཙམ་དང་ཚོང་ཁང་རེ་གཉིས་ཙམ་མ་གཏོགས་མེད་པས་ས་གནས་དེར་འགྲོ་དུས་སུ་མི་མང་པོ་ཞིག་མཐོང་རྒྱུ་མེད་ལ་ལམ་ཐོག་ཏུ་འགྲིམ་འགྲུལ་བྱེད་མཁན་ནི་འཕྲུལ་རྟ་དང་རྟ་བཞོན་ཡང་ན་རྐང་ཐང་འགྲོ་མཁན་བཅས་ཡིན་པ་ལས་མི་སྒེར་ལ་རླང་འཁོར་ཡོད་མཁན་ནི་ཧ་ཅང་གི་ཉུང་ཉུང་ཡིན་ཞིང་།ཡིན་ནའང་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་དེང་སང་མི་ཉག་ལྕགས་གད་དུའང་འཕེལ་འགྱུར་ཆེན་པོ་བྱུང་འདུགསྔར་ལྷིང་འཇགས་ཏུ་གནས་པའི་ཕ་ཡུལ་ཁྲ་འགོ་གླིང་དུ་འཕྲུལ་འཁོར་ཆེ་ཆུང་དང་འཕྲུལ་རྟ་ལ་སོགས་པ་འགྲིམ་འགྲུལ་བྱེད་མཁན་ནི་བགྲང་ལས་འདས་པ་དང་མཛེས་སྡུག་རྣམ་པ་བཀྲ་བའི་ཁང་པས་ཡོངས་སུ་ཁེངས་འདུགཨ་འདམ་བཏིང་པའི་གཞུང་ལམ་གྱི་གཡས་གཡོན་ཀུན་ཏུ་གྲལ་སྟར་སྒྲིག་པའི་ཁང་པའི་ནང་དུ་སྐྲ་གཞར་ཁང་དང་ཇ་ཁང་།མགར་ཁང་།གོས་དྲུབ་ཁང་།སྔོན་ཚལ་བཙོང་ཁང་ལ་སོགས་པའི་ཚོང་ཁང་ཆེ་ཆུང་གིས་གང་བས་སྐྱེས་ཕོ་མོ་མང་པོས་ཡོས་ལོ་གསར་བར་སྟ་གོན་བྱེད་ཆེད་དུ་འཚང་ཁ་ཤིག་ཤིག་གིས་ཚོང་ཁང་ཁག་ཏུ་རང་རང་གི་དགོས་མཁོ་ལྟར་ཉོན་འཚོང་བྱེད་ཀྱིན་འདུག
     རྒན་པོ་ཉི་མས་སྔོན་ཚལ་ཚོང་ཁང་གི་སྒོ་ཁ་རུ་ཁུག་མ་ཆེན་པོ་འགའ་ཡི་ནང་དུ་འདྲ་མིན་སྣ་ཚོགས་ཀྱི་སྔོན་ཚལ་དང་ལོ་གསར་གྱི་ཅ་ལག་བཅས་བླུད་ནས་ལག་
     གཡས་པས་མ་ནིང་ཕྲེང་བ་ཞིག་བཟུང་ཞིང་ལག་གཡོན་པས་ལག་ཁྱེར་ཁ་པར་ཞིག་བཟུང་ནས་ཁྲེ་ཏུའུ་ནས་ཡོང་བཞིན་པའི་རང་གི་བུ་ལ་ཁ་པར་གཏོང་གི་འདུགསྐབས་དེར་ངས་ཁོང་གི་འགྲམ་དུ་སོང་ནས་ཀུ་རེའི་ཚུལ་དུ་ཨ་ཁུ་ཉི་མ།ཁྱེད་ཀྱི་འདི་འདྲའི་ཅ་ལག་མང་པོ་ཉོས་ནས་ཁྱེད་ཁེར་རྐྱང་གིས་ཁུར་ཐུབ་བམ་ཞེས་བྲིས་དུས་ཁོང་གིས་བགད་ཞོར་དུ་བཤད་རྒྱུར།ངས་ད་ལྟ་ཁ་པར་བཏང་ཟིན་པས་ངའི་བུ་ཆུང་ཚེ་རིང་གིས་ཁྲེ་ཏུའུ་ནས་ལོ་སར་གྱི་ཅ་ལག་མང་ཞིག་ཉོས་ནས་ཡོང་བཞིན་ཡོད་པ་རེད།ད་དུས་ཡུན་རིང་པོ་མི་དགོས་པར་ཁོ་སླེབས་ཡོང་རྒྱུ་རེད།ངས་ཁོ་དང་མཉམ་དུ་རླངས་འཁོར་རུ་བསྡད་ནས་ཁྱིམ་དུ་ལོག་རྒྱུ་ཡིན།ཁོས་མུ་མཐུད་ནས་བཤད་རྒྱུར།ད་ལྟ་ཧ་ཅང་སྐྱིད་པོ་འདུགའགྲོ་ན་འཕྲུལ་འཁོར་རེད།བཟའ་འཐུང་གྱོན་གསུམ་ནི་གང་འདོད་ལྷུན་གྱིས་གྲུབ་པ་རེད།ད་ལྟ་ཚང་མས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ལོ་སར་སྟ་གོན་བྱེད་ཀྱི་ཡོད་ཞེས་བརྗོད།
     རྒྱ་ཟླ2པའི་ཚེས3ལ་གནམ་གང་རེད།ཁྱིམ་མི་ཚང་མས་དགའ་དགའ་སྤྲོ་སྤྲོས་འདོད་ཡོན་ལོང་སུ་སྤྱོད་པ་དང་ཆབས་ཅིག་ཏུ་མཚོ་སྔོན་བཪྙན་འཕྲིན་ལྟ་ནས་བསྡད།མུ་རུབ་ཚར་དུས་ཚང་མས་རང་སོ་སོའི་ཁང་སྟེང་དུ་སོང་ནས་འདྲ་མིན་སྣ་ཚོགས་ཀྱི་ཤོག་སྦག་བཏང་ནས་ཕ་ཡུལ་ལྕགས་གད་ཀྱི་བར་སྣང་ཀུན་ཏུ་མཚོན་མདོག་རྣམ་པ་བཀྲ་བའི་མེ་ཏོག་གིས་ཁེངས།ཚེས་གཅིག་གི་སྔ་དྲོར།ལུས་སུ་གོས་གསར་གོས།ཁ་ལག་གཙང་མ་བཀྲུས་ནས་རང་རང་གི་ཁང་སྟེང་དང་གཞི་བདག་ཐོག་ཏུ་བསང་གཏོང་མཆོད་འབུལ་བྱེད་པ་དང་དེའི་རྗེས་ཤ་དང་ཐུད།མོག་མོགཆང་རག་ལ་སོགས་པའི་ཟ་རྒྱུ་དང་འཐུང་རྒྱུ་རྣམས་འཁུར་ནས་གྲོང་མི་ཚང་མས་ལོ་གཅིག་འགྲོ་སྐར་བཞག་པ་རེད།ཚེས་གཉིས་ནས་ཚེས་བཅོ་ལྔ་ཉིན་བར་དུ་གྲོང་པ་སོ་སོའི་རང་རང་གི་སྔ་ནས་གྲ་སྒྲིག་བྱེད་པའི་རྟ་རྒྱུགས་དང་མི་རྒྱུགས།གླུ་ལེན་གར་རྩེད་སོགས་བྱས་པ་དང་གང་འདོད་ཅི་དགའ་ཡིས་བཟའ་འཐུང་བྱས་ནས་བསྡད་ཡོད་པ་རེད།
  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་གི་གྲོང་ཁུལ་གྱི་ཨང་དང་པོའི་ཆ་ཚང་སློབ་ཆུང་བཙུགས་ནས་ལོ་ངོ100འཁོར་བར་དགའ་སྟོན་རྟེན་འབྲེལ་ག
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་གིས༢༠༡༡ལོའི་ལོ་སར་དགའ་སྟོན་དུ་རྒྱལ་གཅེས་གླུ་དབྱངས་འགྲན་བསྡུར་བྱེད་སྒོ་སྤེལ་བ་རེད།
  • དོ་སྣང་ཆེ་བའི་རྩོམ།