དར་མདོ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་ཀྱིས་དགའ་ལྡན་ལྔ་མཆོད་ལ་མཆོད་འབུལ་བྱེད།

ཨོ་རྒྱན།        2010-12-01

དར་མདོ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་ཀྱིས་དགའ་ལྡན་ལྔ་མཆོད་ལ་མཆོད་འབུལ་བྱེད།

བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ནི་གངས་ལྗོངས་བསྟན་པའི་སྲོག་ཤིང་དཔལ་རྗེ་ཙོང་ཁ་པ་ཆེན་པོའི་བློ་བཟང་གྲགས་པ་དགོངས་པ་ཞི་དབྱིངས་སུ་འཐིམས་པའི་ཉིན་མོ་ཞིག་སྟེ། དེ་ཡང་ས་ཕག་ཏེ་སྤྱི་ལོ༡༤༡༩ལོར་རྗེ་ཙོང་ཁ་བ་ཆེན་པོས་སྟོད་ལུང་དང་སེར་འབྲས་སོགས་སུ་ཕེབས་ནས་ཆོས་མང་དུ་གསུངས་ཤིང་། མཐར་དགའ་ལྡན་དུ་ཕྱིར་ཕེབས་ནས་ཐུབ་དབང་ཚུལ་ཁྲིམས་མའི་སྐུ་མདུན་དུ་མཆོད་འབུལ་དང་བསྔོ་སྨོན་རྒྱ་ཆེ་མཛད་རྗེས་སྐུ་བེར་དང་དབུ་ཞྭ་སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ་གནང་སྟེ་རྒྱལ་ཚབ་ཏུ་བསྐོ་བཞག་མཛད་ནས་བོད་ས་ཕག་སྤྱི་ལོ་༡༤༡༩ལོའི་ཟླ་བ་བཅུ་པའི་ཚེས༢༥ཉིན་གཟིམས་ཁང་འོད་གསལ་སྦུག་ཏུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་འཐིམས། སྤྱི་ལོ་༡༤༢༠ལོའི་ཟླ་བ་བཅུ་པའི་ཚེས་ཉེར་ལྔ་ཉིན་དགའ་ལྡན་དུ་རྗེ་རིན་པོ་ཆེའི་དགོངས་རྫོགས་ལ་རྒྱ་ཆེའི་སྨོན་སྒྲུབ་མཛད་པ་དེ་ནས་བཟུང་། དགའ་ལྡན་ལྔ་མཆོད་ཞེས་བོད་ཆོལ་གསུམ་འཛིན་མའི་ཕང་གི་དབུ་ནག་བོད་པ་ཡོངས་མ་ཟད་རྒྱ་བོད་ཧོར་གསུམ་སོགས་ཀྱི་དད་ལྡན་སེར་སྐྱ་ཚང་མས་དགོངས་རྫོགས་མཆོད་འབུལ་རྒྱ་ཆེ་གཟབ་རྒྱས་བཤམས་སྤེལ་བྱས་ཏེ་རྣམ་དཀར་དགེ་བའི་ལས་ལ་བརྩོན་ཞིང་། མར་དང་སྣུམ་དཀར་བཅས་ཀྱི་སྤྱིར་བཏང་གི་རྐོང་བུ་དང་ཉུང་མ་སོགས་ཀྱི་རྐོང་བུ་བཟོས་ཏེ་མར་མེའི་ཕྲེང་བ་སྐར་ཚོགས་ས་ལ་འཕོས་འདྲའི་བཤམས་ཏེ། གྲོང་མི་རང་རང་གི་འབྱོར་བ་དང་བསྟུན་ཏེ་མཆོད་སྤྲིན་རྒྱ་ཆེ་བྱེད་པ་དང་། རྒན་དར་གཞོན་གསུམ་ཚང་མས་དམིགས་བརྩེ་མ་འདོན་ཞིང་གསོལ་འདེབས་སྨོན་ལམ་བརྒྱབ་པ་རེད།
དར་མདོ་ལྔ་མཆོད་དགོན་པ་ནས་ཀྱང་དགའ་ལྡན་ལྔ་མཆོད་དྲན་གསོ་ཞུ་ཆེད་ཡུལ་འདི་ཡི་ཡུལ་མི་དང་ཚོང་བ་སོགས་ཀྱིས་མི་ཚོགས་འདུ་འཛིའི་ཁྲོད་ནས་མཆོད་འབུལ་དང་ཚོགས་བསགས་བགྱི་བཞིན་ཡོད་པ་རེད།

  • ལེ་ཚན་སྔོན་མ།:དར་མདོ་རྫོང་གིས་སྐབས་དྲུག་པའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་གསོ་སྦྱོང་བྱས།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་ཞིང་འབྲོག་ས་ཁུལ་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང་གྲོང་སྡེ་(འདུས་སྡེ)ཨུ་ཡོན་ལྷན་ཁང་གཉིས་ཀ
  • དོ་སྣང་ཆེ་བའི་རྩོམ།